རྡ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་རྒྱལ་ཁབ་བཞི་བཅུ་ལྷག་གི་གློག་བརྙན་དགུ་བཅུ་བསྟན་འདུག

2023.11.07
རྡ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་རྒྱལ་ཁབ་བཞི་བཅུ་ལྷག་གི་གློག་བརྙན་དགུ་བཅུ་བསྟན་འདུག རྡ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་བཅུ་གཉིས་བའི་ངོ་སྤྲོད་སྦྱར་བྱང་།
མཐུན་འགྱུར་པར་རིས།/RFA

རྒྱ་གར་བྱང་ཕྱོགས་བཞུགས་སྒར་རྡ་རམ་ས་ལ་ནི་བཙན་བྱོལ་བོད་མིའི་ཆོས་སྲིད་གཉིས་ཀྱི་ལྟེ་གནས་དང་། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གི་བཞུགས་སྒར་ཡིན་པར་བརྟེན། འཛམ་གླིང་ཤར་ནུབ་ཀྱི་མི་རིགས་སྣ་མང་གིས་དོ་སྣང་གཟིགས་སྐོར་གནང་གི་ཡོད་སྟབས། བོད་མི་གློག་བརྙན་བཟོ་སྐྲུན་པ་བསྟན་འཛིན་བསོད་ནམས་དང་ཁོང་གི་བཟའ་ཟླ་རེཏུ་སཱ་རེན་གཉིས་ཀྱིས་གོ་སྒྲིག་གནང་སྟེ། འདས་པའི་ལོ་མང་རིང་ལོ་རེ་བཞིན་བཞུགས་སྒར་དུ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཚུགས་བཞིན་པ་ལྟར། སྤྱི་ལོ་༢༠༢༣ལོ་འདིར་རྡ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་༡༢་དེ་བཞིན། སྤྱི་ཟླ་༡༡པའི་ཚེས་༤ནས་༧བར་ཚུགས་ཡོད་པའི་སྟེང་། རྒྱལ་ཁབ་བཞི་བཅུ་ལྷག་གི་གློག་བརྙན་རིང་ཐུང་༩༠ལྷག་བསྟན་ཡོད་པ་མ་ཟད། གློག་བརྙན་བཟོ་སྐྲུན་པའང་བཞི་བཅུ་ལྷག་བཅར་ཡོད་པ་སོགས་ཀྱིས། ད་ལོར་སྔར་དང་མི་འདྲ་བར་ཧ་ཅང་གིས་གཞི་རྒྱ་ཇེ་ཆེ་ཆགས་ཡོད་ཅེས། གློག་བརྙན་དུས་སྟོན་གོ་སྒྲིག་པ་བསྟན་འཛིན་བསོད་ནམས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
རྡ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་བོད་ཀྱི་གློག་བརྙན་ཡོད་ན་དམིགས་བསལ་གྱིས་སྡིངས་ཆ་བསྐྲུན་གྱི་ཡོད་ནའང་། འདི་ལོར་བཙན་བྱོལ་ནང་བཟོས་པའི་གློག་བརྙན་གཅིག་ཀྱང་མེད་པ་མ་ཟད། བོད་ནང་གི་པདྨ་ཚེ་བརྟན་གྱི་གློག་བརྙན་གསར་པ་གསའ་ཞེས་པ་དེ་སྟོན་རྒྱུའི་ཆོག་མཆན་ཀྱང་ཐོབ་མེད་རུང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་རྒྱ་གར་ལ་དྭགས་དང་བལ་ཡུལ། འབྲུག་བཅས་ཀྱི་གློག་བརྙན་གསར་པ་ཁག་ཅིག་གཟིགས་འབུལ་ཞུ་ཐུབ་ཡོད་པ་ལས། ལ་དྭགས་ཀྱི་གློག་བརྙན་བཟོ་སྐྲུན་པ་བསྟན་འཛིན་བསྟན་སྐྱོང་ལགས་ནས། ཁོང་གི་གློག་བརྙན་དབྱར་ཁའི་ཉིན་མཐའ་མ་ཟེར་བའི་ནང་། ལ་དྭགས་བྱང་ཐང་གི་འབྲོག་པ་ཚོར་གནམ་གཤིས་འགྱུར་ལྡོག་གིས་གོད་ཆག་ཇི་ཙམ་ཐེབས་བཞིན་པ་དང་། ལ་དྭགས་སུ་འབྲོག་པའི་རིག་གཞུང་སྟོང་འགྲོ་བཞིན་པ་སོགས་བསྟན་ཡོད་འདུག
འབྲུག་ཡུལ་གྱི་གློག་བརྙན་ཁུ་སིམ་གྱི་འཇིག་རྟེན་དང་རི་སྒང་གི་མི་ཟེར་བ་གཉིས་ཀྱང་བསྟན་པ་དང་མཚུངས། གློག་བརྙན་དྲྭ་ཐོག་ཏུ་ཐད་གཏོང་དང་བཟོ་སྐྲུན་གྱི་ཚོགས་ཆུང་མི་དྲུག་ལས་གྲུབ་པ་ཞིག་གློག་བརྙན་དུས་སྟོན་དུ་བཅར་བའི་མུར། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ལའང་སྤྱི་ཚེས་༦ཉིན་མཇལ་ཁ་ཞུས་ཡོད་པར་བརྟེན། འབྲུག་གི་གློག་བརྙན་དྲ་ཐོག་ཏུ་ཐད་གཏོང་བཟོ་ཚོང་ཁང་(Samuh OTT)་ཟེར་བའི་འགན་འཛིན་ལས་རོགས་འཕྲིན་ལས་དབང་ཕྱུག་ལགས་ཀྱིས། ཁོ་རང་༧གོང་ས་མཆོག་ལ་མཇལ་སྐལ་བྱུང་བ་དང་བོད་མིའི་སྤྱི་ཚོགས་ལ་གློག་བརྙན་དུས་སྟོན་འདི་བརྒྱུད་ནས་ཐུག་འཕྲད་བྱུང་བར། བསམ་བརྗོད་ལས་འདས་པའི་དགའ་སྤྲོད་བྱུང་བ་འགྲེལ་བརྗོད་གནང་གི་འདུག
དེ་སྔ་ང་རང་བོད་མིའི་སྤྱི་ཚོགས་ནང་འགྲོ་མྱོང་མེད་པར་ད་རེས་ཆེས་ཐོག་མར་བོད་མི་མཉམ་དུ་གཤིབ་རྒྱུ་བྱུང་བ་དང་། ༧གོང་ས་མཆོག་ནས་མཇལ་ཁ་སྩལ་ཏེ་གློག་བརྙན་དུས་སྟོན་དུ་ཞུགས་ཐུབ་པ་འདི་ནི། ང་རང་གློག་བརྙན་བཟོ་སྐྲུན་པ་ཞིག་ཡིན་པའི་ཆ་ནས་མི་ཚེའི་ནང་དོན་སྙིང་གལ་ཆེན་དུ་མཐོང་གི་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག
རྒྱ་གར་གྱི་གློག་བརྙན་བཟོ་སྐྲུན་པ་(Umesh Kulkarni)་ལགས་ནས། གློག་བརྙན་དུས་སྟོན་འདི་ནི་བོད་ནས་ཡོང་བའི་བོད་མི་ཚོར་རྒྱ་གར་གློག་བརྙན་བཟོ་སྐྲུན་ལ་འབྲེལ་ཡོད་རྣམས་ཐུག་འཕྲད་དང་། བོད་དོན་འཐབ་རྩོད་ཀྱི་བརྒྱུད་རིམ་ཤེས་རྟོགས་ལ་ཕན་རླབས་འདུག ང་རང་དེ་སྔ་བོད་ནས་ཡོང་བའི་བོད་མི་ལ་ཐུག་མྱོང་མེད་ནའང་། གློག་བརྙན་དུས་སྟོན་འདི་ལ་བརྟེན་ནས་ཁོང་ཚོ་ལ་ཐུག་འཕྲད་ཐུབ་པ་མ་ཟད། བོད་མི་རྒན་རབས་པ་ཚོའི་འཐབ་རྩོད་ཀྱི་བརྒྱུད་རིམ་མང་པོ་ཞིག་ཤེས་རྟོགས་ཐུབ་པ་སོགས་ལ་ཕན་ཐོགས་འབྱུང་བ་འགྲེལ་བརྗོད་གནང་སོང་།
སྤྱིར་གློག་བརྙན་དུས་སྟོན་འདིར་གློག་བརྙན་མང་ཆེ་བ་རྒྱ་གར་གྱི་གློག་བརྙན་ཡིན་ནའང་། ཕྱི་རྒྱལ་གྱི་གློག་བརྙན་ཀྱང་མང་པོ་ཚུད་ཡོད་པས། ཨ་མི་རི་ཀའི་གདོད་མིའི་རིགས་ཀྱི་བྱིས་པ་གཉིས་འཚར་ལོངས་ཀྱི་བརྒྱུད་རིམ་མཚོན་པའི་གློག་བརྙན། གོ་རེ་བསྲེགས་མ། ངོ་གདོང་དང་ང་(Frybread, Face and me)་ཟེར་བ་འཁྲབ་འཁྲིད་པ་(Billy Luther)་ལགས་ནས། ང་རང་ལ་སོ་སོའི་མི་རིགས་ཀྱི་སྲོལ་རྒྱུན་དེ་མི་ཉམས་རྒྱུད་འཛིན་གྱི་འདོད་པ་ཡོད་པས། གློག་བརྙན་དེ་ནི་ང་ཚོའི་རིག་གཞུང་ད་དུང་མ་ཉམས་གསོན་པོར་གནས་ཡོད་པ། འབྱུང་འགྱུར་གྱི་མི་རབས་ཚོས་མིག་ལྟོས་གནང་སའི་བཟང་ཕྱོགས་དང་སྐྱིད་པོ། བརྩེ་བ་དང་དགའ་སྤྲོ་བཅས་ཡོད་པའི་གློག་བརྙན་ཞིག་ཡིན་པ་འགྲེལ་བརྗོད་གནང་བྱུང་།
རྒྱ་གར་གྱི་གློག་བརྙན་བཟོ་སྐྲུན་ཁང་(Bollywood)་ནང་གློག་བརྙན་འཁྲབ་སྟོན་པ་བསྟན་འཛིན་དགྲ་ལྷ་ལགས་ནས། ཁོ་རང་གིས་གློག་བརྙན་བལྟས་པ་ཁག་ལས་ལ་དྭགས་ཀྱི་གློག་བརྙན་དེར་སྤྲོ་སྣང་ཆེ་ཤོས་བྱུང་བ་འགྲེལ་བརྗོད་གནང་གི་འདུག
རྡ་རམ་ས་ལའི་གློག་བརྙན་དུས་སྟོན་འདི་ནི་དམིགས་བསལ་བོད་དང་འབྲེལ་བ་མིན་པར། རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཁོ་ནའི་ངོ་བོ་མཚོན་པའི་ལམ་ནས་གོ་སྒྲིག་གནང་ཡོད་པར་བརྟེན། འཛམ་གླིང་ཡུལ་གྲུ་ཁག་འདྲ་མིན་དང་། ལྷག་པར་རྒྱ་གར་གྱི་ཤེས་ཡོན་ཅན་དང་གློག་བརྙན་བཟོ་སྐྲུན་དང་འབྲེལ་ཡོད། སྒྱུ་རྩལ་བ་སོགས་ཧ་ཅང་མང་པོ་ཆེད་དུ་བཅར་ཡོད་པའི་དུས་སྟོན་ཚུགས་ཡུལ་ནི། རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་རུ་གློག་བརྙན་ཁང་བཞི་ཆེད་བཙུགས་ཀྱིས་བསྟན་གྱི་ཡོད་པར་བརྟེན། ཕྱི་མི་མང་པོ་ཞིག་ལ་རང་བཞིན་ངང་གིས་བཙན་བྱོལ་བོད་མིའི་ཐོག་དོ་སྣང་ཇེ་ཆེར་ཡོང་གི་ཡོད་པ་རེད།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎