བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་སྐུ་གཤེགས།
2011.09.01
༄༅༎བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་བར་ལམ་སྙུན་གཞི་བཞེས་ཏེ་སྨན་བཅོས་རིམ་འགྲོ་ཅི་ཡོང་ཞུས་ཀྱང་དྲག་སྐྱེད་མ་བྱུང་བར་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༣༡ གྱི་དགོང་དྲོའི་ཆུ་ཚོད་ ༨་ ཙམ་ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་སྨན་ཁང་ཞིག་ཏུ་དགོངས་པ་རྫོགས་ཡོད་པ་དང༌། ཕྱི་ཟླ་ ༩ ཚེས་ ༡ ཉིན་རྒྱབ་ཆུ་ཚོད་ ༢་པ་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་རྣམས་ནས་དུས་ཡུན་ཆུ་ཚོད་གཅིང་རིང་སྨོན་ལམ་གསུང་འདོན་གནང་འདུག བཀའ་དྲུང་མི་འགྱུར་རྡོ་རྗེ་ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་དམ་པ་དེའི་ལོ་རྒྱུས་མདོར་བསྡུས་ཤིག་ངོ་སྤྲོད་གནང་རྗེས་ ལས་བྱེད་པ་ཡོངས་ནས་དམ་པ་དེ་ཉིད་ཀྱི་ཆེད་མྱ་ངན་ངག་བཅད་སྐར་མ་གཅིག་རིང་གནང་འདུག་ཅིང༌། སྐོུ་དམ་པ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་ལ་མྱ་ངན་གུས་འདུད་མཚོན་ཆེད་དབུས་ཀྱི་ལས་ཁུངས་ཁག་ཉིན་རྒྱབ་ཆུ་ཚོད་གསུམ་པ་ནས་ལས་མཚམས་བཞག་ཡོད་པ་རེད།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་རྒྱའི་ཐོག་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས་ཞིག་བཀོད་འདུག་པ་དེའི་ནང་ དམ་པ་དེ་ནི བོད་མདོ་ཁམས་སྡེ་དགེའི་ཁོངས་རྨེ་ཤོད་སྡེ་འདུན་འཁོར་འཇུ་ཆེན་ཚང་དུ་ཕྱི་ལོ་ ༡༩༢༩ ལོར་འཁྲུངས་པ་དང༌། ཆུང་དུས་ནས་བོད་ཡིག་འབྲི་ཀློག་དང་རིག་གནས་དང་ཆོས་ཕྱོགས་ཀྱི་སློབ་གཉེར་གནང་ཞིང༌། ཕྱི་ལོ་ ༡༩༥༥ བོད་ཟླ་ ༡༡ ནང་རྒྱ་དམར་ནས་ཁམས་ཁུལ་དུ་དམངས་གཙོ་བཅོས་བསྒྱུར་ཟེར་བ་སྤེལ་འགོ་བཙུགས་སྐབས་ སྡེ་དགེ་ཚང་གི་གཞུང་སར་རྒྱ་དམག་གིས་བསམ་སྦྱོར་བརྣག་པའི་བྱ་སྤྱོད་ལག་བསྟར་བྱེད་བཞིན་པར་སོང༌། སྡེ་དགེ་ཁུལ་མང་ཚོགས་ནས་ངོ་རྒོལ་འཐབ་འཛིང་བྱེད་རྒྱུ་ངེས་པ་དང༌། བོད་གཞུང་ས་ནས་རྒྱ་ཆེའི་མང་ཚོགས་ཀྱི་སྒེར་ལངས་དོན་ལྡན་དུ་གྱུར་སླད་མཚོན་ཆ་དང༌། དམག་གི་གྲ་སྒྲིག་འཕྲལ་མྱུར་ཡོང་ཐབས་ཞུས་ཤིང༌། དེ་བཞིན་གཞུང་གི་ཆབ་སྲིད་ཀྱི་སྲིད་བྱུས་མཛད་ཕྱོགས་ཇི་ཡིན་ཤེས་རྟོགས་ཆེད་དང་བྱེད་སྒོའི་སློབ་སྟོན་ཞུ་ཆེད་ ལྷག་པར་དུ་ཆུ་སྒང་གི་སྒེར་སྐོར་གནས་ཚུལ་ཤེས་རྟོགས་བཅས་ཀྱི་སླད་སྔ་ཕྱི་ལན་གྲངས་ལྔ་ཙམ་ལྷ་སར་སྐུ་ཚབ་ཏུ་མངགས་པ་ལྟར་ཕེབས་ཡོད། ཕྱི་ལོ་ ༡༩༥༩ ལོའི་ལྷ་སའི་ཟིང་ཆ་བྱུང་སྐབས་ནོར་གླིང་ཕོ་བྲང་དུ་མི་མང་དང་བླངས་དམག་ཁོངས་ཕེབས་ཏེ་སྡེ་དགེ་ཤོག་ཁག་གི་མི་གྲངས་ ༢༠༠ སྐོར་ཡོད་པ་དེ་དག་གི་འགོ་འཁྲིད་གནང་ཞིང༌། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནོར་གླིང་ནས་བཙན་བྱོལ་ཆིབས་བསྒྱུར་བསྐྱངས་པའི་ཕྱི་ཉིན་དེར་ནོར་གླིང་དམག་སྤྱི་ཁང་གི་བཀའ་བཀོད་ལྟར་རྒྱ་དམར་ནས་ཕེབས་ལམ་རྗེས་འདེད་ཡོང་ཉེན་བཀག་ཆེད་གཏོང་གནང་ལྟར་ར་མ་གྲུ་ཁར་རྒྱ་དམག་སྔོན་འབྱོར་ཟིན་པར་འཁུག་འཛིང་དང༌། དེ་ནས་ཆུ་ཤུལ། ཡར་འབྲོག་མཚོ་ཁ། གཉན་སྦྱོར་ར། ཁ་བཏགས་དགོན་སོགས་ལ་རྒྱ་དམག་དང་འཐབ་འཛིང་ལན་མང་གནང་མཐར་རྨ་སྒོ་བརྒྱུད་རྒྱ་གར་ནང་སྐྱབས་བྱོལ་ཏུ་ཕེབས་ཤིང༌། མ་ས་མ་རི་དང་ ཀ་སྦུག་ཁུལ་དུ་གནས་བཞུགས་གནང་ཡོད་འདུག།
ཕྱི་ལོ་ ༡༩༦༠ ཐམ་པའི་ལོར་མེ་སོར་གཞིས་ཆགས་སུ་ཕེབས་ཏེ་ དེ་གར་བཅུ་དཔོན་དང་མི་མང་གི་འཐུས་མི་གནང་ཞིང༌། ཕྱི་ལོ་ ༡༩༦༣ ལོ་ནས་རྡོར་གླིང་ཁུལ་དུ་གནས་སྤོ་གནང་སྟེ་བཞུགས་པ་དང༌། ཕྱི་ལོ་ ༡༩༦༥ ལོར་སླར་ཡང་མེ་སོར་དུ་ཕྱིར་ཕེབས་ཀྱིས་སྡོད་སྒར་གཉིས་པའི་སྤྱི་མི་ལོ་བརྒྱད་དང་མཉམ་འབྲེལ་ཚོགས་མི་ལོ་དགུའི་རིང་གནང་འདུག།
ཕྱི་ལོ་ ༡༩༧༢ ལོར་རང་བཙན་ལས་འགུལ་ཚོགས་ཆུང་གི་ཚོགས་གཙོ་དང༌། ལོ་དེའི་ཕྱི་ཟླ་ ༡༢ ཚེས་ ༢༥ ནས་ ཕྱི་ལོ་ ༡༩༧༥ ཟླ་ ༥ ཚེས་ ༥ བར་སྐབས་ལྔ་པའི་མདོ་སྤྱི་འཐུས་དང་སྤྱི་འཐུས་ཚོགས་གཙོའི་མཛད་འགན་ཡང་བཞེས་ཡོད་ཅིང༌། ཕྱི་ལོ་ ༡༩༧༦ ལོར་དྲིལ་བསྒྲགས་བཀའ་བློན་དུ་བསྐོ་བཞག་སྩལ་གནང་བྱུང་ཡོད་པ་རེད།
དེ་རྗེས་རྒྱུན་ཞུགས་བཀའ་བློན་གྱི་འགན་འཁུར་བཞེས་པ་དང༌། ཕྱི་ལོ་ ༡༩༧༩ ལོར་རྒྱ་ནག་བརྒྱུད་བོད་ནང་གཟིགས་བསྐོར་སྐུ་ཚབ་ཐེངས་དང་པོའི་ཚོགས་གཙོར་ཕེབས་པ་དང་ སླར་ཡང་ཕྱི་ལོ་ ༡༩༨༢ ལོར་རྒྱ་ནག་ཏུ་སྐུ་ཚབ་མི་གསུམ་བསྐོ་གཏོང་གནང་པའི་འགོ་འཁྲིད་ཀྱི་ངོ་བོར་ཕེབས་ཡོད་པ་རེད། དེ་རྗེས་ཤེས་རིག་དང། ཆོས་རིག། ནང་སྲིད་སོགས་ཀྱི་བཀའ་བློན་དང་ བཀའ་བློན་ཁྲི་པ་སོགས་སུ་བསྐོ་བཞག་སྩལ་ཕེབས་ལྟར་བཀའ་བློན་གྱི་མཛད་འཁུར་ཁྱོན་བསྡོམས་ལོ་ངོ་ ༡༥ རིང་བཞེས་ཡོད་པ་རེད།
གཞན་ཡང་སྐོུ་དམ་པ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་ལགས་ནས་ རྩ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་གི་འགན་འཛིན་དང༌། དམིགས་བསལ་ཞིབ་འཇུག་ཚོགས་ཆུང་གི་ཚོགས་གཙོ་བཅས་ཀྱི་གཙོ་འགན་བཞེས་ཏེ་སྲི་ཞུ་བའི་ཕྱག་ལས་སྣེ་མང་གནང་མྱོང་ཡོད་པའི་ཉམས་མྱོང་ཕུན་སུམ་ཚོགས་པའི་གལ་ཆེའི་མི་སྣ་ཞིག་ཡིན་པར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་འཛིན་གནང་འདུག།