རྒྱ་ནག་གི་ཚོང་ལས་ཚན་པ་ལྔ་ཙམ་གྱིས་ཨ་རིའི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་གནོད་ཚབས་བཟོ་ཉེན་ཡོད་པའི་མིང་འདོན།

དེ་ཡང་ཁ་ས་ཨ་རིའི་དབུས་Federal Communications Commission ཞེས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་ཚབ་ Jessica Rosenworcel གིས། རྒྱ་ནག་གི་འཕྲུལ་ལས་ཚོང་དོན་ཚན་པ་ Huawei དང་ ZTE དེ་བཞིན་Hytera Communications Corp, Hangzhou Hikvision Digital Technology, and Dahua Technology Co. བཅས་ཚོང་དོན་ཚན་པ་ལྔ་མིང་འདོན་གནང་བ་དང་སྦྲགས་གོང་ཞུས་ཚན་པ་དེ་དག་གི་འཕྲུལ་ཆས་རིགས་ཨ་རིའི་ནང་བེད་སྤྱོད་བྱེད་རྒྱུར་རྒྱལ་ཁབ་དང་ཨ་རིའི་མང་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་ཉེན་ཁ་ཆགས་རྒྱུ་ཡིན་ལུགས་གསུངས་ཡོད་འདུག ཡིན་ནའང་ཁོང་གིས་གོང་ཞུས་མིང་འདོན་གནང་བའི་ཚོང་དོན་ཚན་པ་དེ་དག་གི་ཐོག་ཉེས་ཆད་ག་རེ་འགེལ་གནང་གི་ཡོད་མེད་གསལ་པོ་གང་ཡང་གསུངས་མེད་པ་རེད། སྤྱིར་བཏང་གོང་དུ་ཞུས་པའི་ཚན་པའི་ཁོངས་ནས་ཧུ་ཝེ་དང་ཛི་ཀྲི་ཨི་ཞེས་པ་གཉིས་ཀྱི་ཐོག་དམ་དྲག་གནང་བའི་སྐབས་སུ་བཟོ་ཚོང་ལས་ཁང་དེ་གཉིས་མཉམ་ཚོང་འབྲེལ་བྱེད་མཁན་ཨ་རིའི་ཚོང་འབྲེལ་ཚན་པ་དེ་དག་ལ་གཞུང་གི་ཚོང་འབྲེལ་གུན་གསབ་སྤྲོད་རྒྱུའི་ཨ་རིའི་དྲོ་ལར་ཐེར་འབུམ་བརྒྱད་ལྷག་ཙམ་ཕྱིར་བསྡུ་གནང་ཡོད་པ་རེད། སྤྱིར་བཏང་ཨ་རིའི་སྲིད་འཛིན་ཀྲ་རམྤ་སྲིད་གཞུང་ནས་གོང་དུ་ཞུས་པའི་རྒྱ་ནག་གི་ཀམ་པུ་ཀྲར་དང་གློག་ཆས་འཕྲུལ་རིགས་བཟོ་སྐྲུན་ཚན་པ་ཆེ་ཤོས་ཧུ་ཝེ་དང་དེ་བཞིན་ཛི་ཀྲི་ཨི་ཞེས་པ་གཉིས་ཀྱི་ཐོག་ཚོང་འབྲེལ་བཀག་སྡོམ་དང་ཉེས་ཆད་སོགས་འགེལ་གནང་ཡོད་པ་དེ་དག་ད་ལྟའི་ཨ་རིའི་སྲིད་གཞུང་གསར་པའི་ངོས་ནས་ཀྱང་མུ་མཐུད་ནས་མཇུག་སྐྱོང་གནང་གི་ཡོད་པ་ཞིག་ཡིན་འདུག་ལ་ཉེ་ཆར་ཨ་རིའི་སྲིད་གཞུང་གསར་པའི་ངོས་ནས་ཀྱང་རྒྱ་ནག་གི་ཚོང་དོན་ཚན་པ་དེ་དག་གི་བཟོས་པས་གློག་སྐུད་དང་འཕྲུལ་ཆས་རིགས་ཨ་རིའི་ནང་བེད་སྤྱོད་གཏོང་རྒྱུ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ཙམ་མ་ཡིན་པར་ཨ་རིའི་མང་ཚོགས་ཀྱི་བདེ་འཇགས་ལའང་རང་བཞིན་གྱི་ཉེན་ཚབས་འགྲོ་རྒྱུའི་ཉེན་བརྡ་བཏང་ཡོད་པ་རེད།།