ཨ་མི་རི་ཀས་རྒྱ་ནག་གི་ཉི་འོད་གློག་འདོན་ཡོ་ཆས་ཁག་ནང་འདྲེན་བྱ་རྒྱུ་བཀག་སྡོམ་བྱས་འདུག
ཨ་མི་རི་ཀས་རྒྱ་ནག་གི་ཁེ་གཉེར་ལས་ཁང་ཁག་ནས་བཟོས་བའི་ཉི་འོད་གློག་འདོན་ཡོ་ཆས་ཁག་ཨ་རིའི་ནང་ནང་འདྲེན་བྱ་རྒྱུ་བཀག་སྡོམ་བྱས་འདུག
ཨ་མི་རི་ཀའི་སྲིད་འཛིན་(Joe Biden)་འཛིན་སྐྱོང་གིས་རྒྱ་ནག་ནང་རྟེན་གཞི་བྱས་པའི་(Hoshine Silicon)་ཁེ་གཉེར་བཟོ་གྲས་མི་མང་བཙན་ཤེད་འོག་ངལ་རྩོལ་བཀོལ་བཞན་པའི་གནས་ཚུལ་ཤེས་རྟོགས་བྱུང་བའི་རྗེས་སུ། རྒྱ་ནག་གི་ཁེ་གཉེར་ལས་ཁང་དེ་ནས་(solar panel)་ཉི་འོད་གློག་འདོན་ཡོ་ཆས་ཁག་ཨ་རིའི་ནང་ནང་འདྲེན་བཀག་སྡོམ་བྱ་རྒྱུ་ཡིན་པ་འདི་ཚེས་༢༣་རེས་གཟའ་ལྷག་པའི་ཉིན་བཀོད་ཁྱབ་བཏང་འདུག
ཡང་ཨ་རིའི་ཚོང་འབྲེལ་ལས་ཁུངས་ཀྱིས་(Hoshine)་ཐེ་བའི་རྒྱ་ནག་གཞུང་གིས་ཤིང་ཅན་ཞེས་འབོད་པའི་ཤར་ཏུར་ཀིསུ་ཐན་ནང་གི་རྒྱ་ནག་གི་དམག་མིའི་བཟོ་གྲྭ་དང་། ཨར་ལས་ཁེ་གཉེར་ལས་ཁང་ཞིག་གཙོས་པའི་ཁེ་གཉེར་ལས་ཁང་ཁག་གསུམ་གྱིས་ཤར་ཏུར་ཀིསུ་ཐན་ནང་གི་ཡུ་གུར་མི་རིགས་གཙོས་པའི་ཁ་ཆེའི་གྲངས་ཉུང་མི་རིགས་ལ་བཙན་ཤེད་བཏང་སྟེ་ངལ་རྩོལ་བཀོལ་བ་དང་འབྲེལ་བ་ཡོད་སྟབས། གོང་ཞུས་རྒྱ་ནག་གི་ཁེ་གཉེར་ལས་ཁང་ཁག་ལ་ཨ་རི་ནས་དངོས་ཟོག་ཕྱིར་བཙོང་བྱ་རྒྱུར་ཡང་དམ་དྲག་བཀག་སྡོམ་བྱས་འདུག
དེ་བཞིན་ཨ་མི་རི་ཀ་གཞུང་གིས་ཐོ་གཞུང་ནག་པོའི་ནང་བཀོད་ཡོད་པའི་རྒྱ་ནག་གི་ཁེ་གཉེར་ལས་ཁང་གཞན་ཁག་ནི། ཤར་ཏུར་ཀིསུ་ཐན་ནང་རྟེན་གཞི་བྱས་པའི་(Daqo New Energy)་ཁེ་གཉེར་ལས་ཁང་དང་། (Xinjiang East Hope Nonferrous Metal)་ ལྕགས་རིགས་ཁེ་གཉེར་ཁང་། ཡང་གྲོང་ཁྱེར་ཧྲང་ཧེ་ནང་རྟེན་གཞི་བྱས་པའི་(East Hope Group)་ཞེས་པའི་ཁེ་གཉེར་ལས་ཁང་སོགས་ཀྱང་ཚུད་འདུག
ཨ་རིའི་ཚོང་འབྲེལ་ལས་ཁུངས་ཀྱིས་གོང་ཞུས་རྒྱ་ནག་གི་ཁེ་གཉེར་ལས་ཁང་ཁག་དང་འབྲེལ་རྒྱ་ནག་གཞུང་གིས་ཤར་ཏུར་ཀིསུ་ཐན་ནང་གི་ཡུ་གུར་ཁ་ཆེའི་མི་རིགས་གཙོས་པའི་གྲངས་ཉུང་མི་རིགས་ཐོག་དྲག་གནོན་ཤུགས་ཆེ་བྱས་དང་བྱེད་མུས་དང་། རང་སྣང་གང་ཤར་གྱིས་འཛིན་བཟུང་བཙོན་འཇུག བཙན་ཤེད་བཏང་སྟེ་ངལ་རྩོལ་བཀོལ་བ། དེང་རབས་ཅན་གྱི་བཟོ་རྩལ་རིག་གནས་ཀྱི་སོ་ལྟའི་པར་ཆས་སོགས་བཙུགས་ནས་ལྟ་སྲུང་ནན་པོ་བྱས་དང་བྱེད་མུས་སོགས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་ཚབས་ཆེ་གཏོང་གི་ཡོད་པའི་རྒྱུ་མཚན་ཁག་ཀྱང་ལུངས་འདྲེན་བྱས་འདུག
དེ་མ་ཐག་དེའི་ཐད་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཨ་རིའི་གཞུང་གི་ཐག་གཅོད་ཐད་སྐྱོན་བརྗོད་བྱས་འདུག