ཁེ་ན་ཌའི་སྲིད་བློན་རྒྱ་ནག་ཏུ་འཚམས་གཟིགས།
2009.12.02
༄༅།།ཁེ་ན་ཌའི་སྲིད་བློན་སི་ཊི་ཕེན་ཧའར་པཱར་མཆོག་ཁ་ས་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་ཕེབས་འབྱོར་གནང་ཡོད་པ་དེ་ནི་རྒྱལ་ཁབ་གཉིས་དབར་བར་ལམ་འབྲེལ་བ་ཇེ་སྡུག་ཏུ་ཕྱིན་པ་དེ་དག་བསྐྱར་གསོ་གནང་རྒྱུའི་དོན་ཡིན་ལུགས་རྒྱ་ནག་གི་མཁས་པ་ཚོས་ཚོད་དཔག་བྱེད་བཞིན་ཡོད་འདུག། སྲིད་བློན་ཧའར་པཱར་མཆོག་གི་རྙིང་ཞེན་ཚོགས་པས་ལོ་བཞིའི་གོང་ཁེ་ན་ཌའི་གཞུང་སྲིད་འཛིན་སྐྱོང་འགན་འཁུར་གནང་བ་བཟུང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་སྐྱོན་བརྗོད་ཤུགས་ཆེ་གནང་བཞིན་ཡོད་པར་བརྟེན་རྒྱ་ནག་དང་ཁེ་ན་ཌ་གཉིས་དབར་ཕན་ཚུན་མི་མཐུན་པའི་འགལ་ཟླ་མང་པོ་ཞིག་བྱུང་ཡོད་པ་རེད། ད་རེས་སྲིད་བློན་ཧའར་པཱར་མཆོག་རྒྱ་ནག་ནང་ཉིན་གྲངས་བཞིའི་རིང་འཚམས་གཟིགས་ལ་ཕེབས་ཡོད་པ་དེའི་དམིགས་ཡུལ་གཙོ་བོ་ནི་ཕྱོགས་གཉིས་དབར་མི་མཐུན་པའི་དཀའ་རྙོག་དེ་ཚོ་སེལ་ཐབས་ཆེད་ཡིན་པའི་སྣང་ཚུལ་ཡོད་པ་རེད། སྲིད་བློན་ཧའར་པཱར་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཧུ་ཅིང་ཏའོ་དང་སྲིད་བློན་ལྦེན་ཅ་པའོ་རྣམ་གཉིས་དང་མཇལ་འཕྲད་གནང་རྒྱུ་ཡིན་ཞིང༌། རྒྱ་ནག་དང་ཁེ་ན་ཌ་གཉིས་དབར་སྤྱི་ཡོངས་ཀྱི་འབྲེལ་བ་དང་ཚོང་འབྲེལ་གོང་འཕེལ་གཏོང་ཕྱོགས་སྐོར་གྲོས་མོལ་གཙོ་བོ་གནང་རྒྱུ་ཡིན་པ་རེད།
ཁེ་ན་ཌའི་སྲིད་བློན་དང་ཁོང་གི་ལྕམ་ལཱོ་རེན་གཙོས་པའི་ཁེ་ན་ཌའི་ཚོང་དོན་དང་ཞིང་ལས་བློན་ཆེན་ཐེ་པའི་ཁྱོན་སྐུ་ཚབ་འཐུས་མི་༤༠ཙམ་ཞིག་ ཁ་ས་པེ་ཅིང་གནམ་ཐང་དུ་ཕེབས་འབྱོར་གནང་སྐབས་ ལག་ཏུ་མེ་ཏོག་འཁྱེར་བའི་རྒྱ་མིའི་ལོ་ཆུང་བྱིས་པ་ཁག་ཅིག་གིས་སྐུ་མགྲོན་ཚོར་ཕེབས་བསུའི་སྣེ་ལེན་ཞུས་བཞག། དེ་སྔོན་༢༠༠༦ལོར་ཁེ་ན་ཌའི་གཞུང་གིས་བོད་པའི་དབུ་ཁྲིད་༧གོང་ས་༧ཏཱ་ལའི་བླ་མ་མཆོག་ལ་ཁེ་ན་ཌའི་མི་སེར་གྱི་ཆེ་བསྟོད་མཚན་ཐོངས་ཕུལ་ནས་རྒྱ་ནག་ལ་ཁོང་ཁྲོ་བསླངས་ཡོད་པ་དེ་དག་ཞི་ཐབས་སུ་ད་རེས་ཁེ་ན་ཌའི་སྲིད་བློན་རྒྱ་ནག་ནང་གཟིགས་སྐོར་གནང་བར་ཕེབས་ཡོད་པ་ཞིག་ལ་རྒྱ་ནག་ནང་གི་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་གནང་གི་ཡོད་འདུག།