བཀའ་བློན་ཁྲི་པའི་འོས་བསྡུའི་གནད་འགག་སྐོར་བགྲོ་གླེང་།
2009.11.29
༄༅༎བཞུགས་སྒར་རྡ་རམ་ས་ལར་འབྱུང་འགྱུར་བཀའ་བློན་ཁྲི་པའི་འོས་བསྡུའི་གནད་འགག་སྐོར་དམིགས་བསལ་བགྲོ་གླེང་ཚོགས་འདུ་ཞིག་སྐོང་ཚོགས་གནང་འདུག རེས་གཟའ་སྤེན་པའི་ཉིན་བཞུགས་སྒར་རྡ་ར་ས་ལར་རྒྱལ་ཡོངས་བོད་ཀྱི་དམངས་གཙོ་ཚོགས་པས་གོ་སྒྲིག་ཞུས་པའི་བགྲོ་གླེང་ཚོགས་འདུ་དེར་ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་རྒྱ་རི་སྒྲོལ་མ་མཆོག་དང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ དབུས་འོས་བསྡུ་ལྷན་ཁང་གི་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་ བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་ རྩོམ་པ་པོ་དང་ཉམས་ཞིབ་པ་གླུ་གར་འཇམ་ལགས་ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབར་རིག་འཛིན་ལགས་ བོད་ཀྱི་བང་ཆེན་གྱི་རྩོམ་སྒྲིག་པ་ལུང་རིགས་རྒྱལ་ལགས་ ཕྱག་རོགས་ཆོས་ཉིད་རྒྱལ་མཚན་ལགས་བཅས་མཉམ་ཞུགས་གནང་འདུག བགྲོ་གླེང་གཙོ་སྐྱོང་བ་རླུང་འཕྲིན་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་དང་རྒྱལ་ཡོངས་བོད་ཀྱི་དམངས་གཙོ་ཚོགས་པའི་དྲུང་ཆེ་ཚེ་རིང་ལགས་གཉིས་ཀྱིས་གནང་ཡོད་འདུག བགྲོ་གླེང་པོ་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ངལ་འཛེམས་ཀྱིས་བོད་མི་སྤྱི་ཚོགས་ནང་དམངས་གཙོའི་ལམ་བཟང་སྲོལ་གཏོད་གནང་བར་རྗེས་སུ་ཡི་རངས་གནང་བ་དང་ད་དུང་མདུན་བསྐྱོད་གནང་དགོས་པའི་སྐུལ་དེད་གནང་བ་དང་ཆབས་ཅིག་མ་འོངས་པའི་བཀའ་བློན་ཁྲི་པ་ནོར་བ་ཞིག་སླེབས་པ་ཡིན་ན་འདས་པའི་ལྔ་བཅུའི་རིང་གི་གྲུབ་འབྲས་མེད་པ་ཆགས་རྒྱུའི་ཉེན་ཁ་ཡོད་ལུགས་སྤྱི་མཚུངས་གསུངས་ཡོད་འདུག སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་སྤྱི་ཚོགས་གཞན་པའི་ནང་སྲིད་དོན་ཚོགས་པ་འདྲ་མིན་གྱིས་རྒྱལ་ཁབ་ཀྱི་དབུ་ཁྲིད་འདེམས་རྒྱུའི་ལས་འགན་འགྲུབ་ཀྱི་ཡོད་རེད་ འོན་ཀྱང་བོད་མིའི་སྤྱི་ཚོགས་ནང་དེ་འདྲའི་ལམ་ལུགས་མེད་པར་བརྟེན་སྤྱི་མཐུས་དང་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འདེམས་དགོས་པར་བརྟེན་འགན་དབང་ཆེ་ཤོས་མི་མང་ལ་ཡོད་ལུགས་གསུངས་གནང་འདུག རྒྱལ་ཡོངས་བོད་ཀྱི་དམངས་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་ལགས་ཀྱིས་བོད་མིའི་སྤྱི་ཚོགས་ནང་སྲིད་དོན་ཚོགས་པ་མང་ཙམ་དགོས་པ་དང་དེ་དག་ལ་གཞུང་འབྲེལ་དེབ་བསྐྱེལ་གྱི་ཆ་རྐྱེན་བསྐྲུན་དགོས་གལ་ཆེན་པོ་ཡོད་སྐོར་གསུངས་གནང་འདུག གླུ་གར་འཇམ་ལགས་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོར་དམངས་འཕྲོད་ནང་དམངས་གཙོའི་ལམ་སྲོལ་གྱི་གཞིན་རིམ་གྱི་གོ་རྟོག་སྤེལ་རྒྱུའི་གནད་འགག་ཆེན་པོ་ཡོད་སྐོར་གཏམ་བཤད་གནང་འདུག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་མི་མང་ཚོས་ཆོས་ལུགས་ཆོལ་ཁའི་འཐེན་ཁྱེར་སྤངས་ནས་འོས་བསྡུར་མཉམ་ཞུགས་གནང་གལ་སྐོར་གཏམ་བཤད་གནང་ཡོད་འདུག༎