བལ་ཡུལ་དུ་ཞི་བདེ་བརྟན་ལྷིང་མེད་པའི་དཀའ་ངལ།
2009.07.07
༄༅༎དེ་རིང་རེས་གཟའ་མིག་དམར་ཉིན་བལ་ཡུལ་གྱི་རྒྱལ་པོ་ཟུར་པ་གྱ་ནེན་རྡར་ཡིས་ཁོང་གི་རྒྱལ་ཁབ་ནང་མུ་མཐུད་ཞི་བདེ་བརྟན་ལྷིང་མེད་པའི་དཀའ་ངལ་མུ་མཐུད་གནས་བཞིན་ཡོད་པའི་སྐྱོན་བརྗོད་གནང་ཡོད་པ་རེད།
དེ་རིང་བལ་པོའི་རྒྱལ་པོ་ཟུར་པ་གྱ་ནེན་རྡར་དགུང་གྲངས་དྲུག་ཅུ་རེ་གསུམ་ལ་ཕེབས་པའི་འཁྲུངས་སྐར་དང་སྟབས་བསྟུན་གསུང་འཕྲིན་ཞིག་འགྲེམས་སྤེལ་གནང་བའི་ནང་ཁོང་གི་ངོས་ནས་ན་ནིང་རྩོད་གཞི་གླེང་སློང་གང་ཡང་མེད་པའི་ཐོག་ནས་རྒྱལ་པོའི་སྲིད་ཁྲི་ནས་འབབ་ཏེ་བལ་པོའི་དམངས་ཁྲིད་ཀྱི་མི་སེར་སྤྱིར་བཏང་ཞིག་བྱས་ཏེ་བཞུགས་རྒྱུར་དང་ལེན་བྱས་པ་དེའི་དམིགས་ཡུལ་གཙོ་བོ་ནི་རྒྱལ་ཁབ་ནང་དུ་ཞི་བདེ་དང་ཁྲིམས་ལུགས་དབང་འཛིན་ལྡན་པའི་རྒྱལ་ཁབ་ཏུ་བཅོས་བསྒྱུར་ཡོང་རྒྱུ་སོགས་ཡར་རྒྱས་ཕྱོགས་སུ་མདུན་བསྐྱོད་ཡོང་བའི་ཐུགས་རེ་གནང་ཡོད་ཀྱང་ད་ཆ་དེ་ལས་ལྡོག་ཏེ་ཡར་རྒྱས་རྩ་བ་ནས་མེད་པ་མ་ཟད་བལ་པོའི་མི་སེར་ཚོའི་གནས་སྟངས་ཐོག་ལའང་ཡར་རྒྱས་བྱུང་མེད་པའི་སྐོར་གསུངས་ཡོད་པ་རེད། རྒྱལ་པོ་གྱ་ནེན་རྡར་ནི་ན་ནིང་བལ་ཡུལ་གྱི་མའོ་གྱེན་ལོག་ཤོག་ཁག་གིས་གཙོས་པའི་ཆབ་སྲིད་ཚོགས་པ་ཁག་མཉམ་སྦྲེལ་གྱིས་རྒྱལ་རྒྱུད་རིང་ལུགས་མེད་པ་བཟོས་པའི་རྗེས་བལ་པོའི་མི་སེར་སྤྱིར་བཏང་ཞིག་ཏུ་གྱུར་སྟེ་ཧིན་རྡུ་བའི་རིགས་རྒྱུད་ཀྱིས་བལ་པོའི་རྒྱལ་རྒྱུད་འཛིན་པའི་ལོ་རྒྱུས་དེ་མཇུག་སྒྲིལ་བ་དང་དེ་རྗེས་མའོ་དམར་ཤོག་ཚོགས་པས་གཙོ་བོར་གྱུར་བའི་ཆབ་སྲིད་ཚོགས་པ་མནའ་འབྲེལ་གྱིས་བལ་ཡུལ་གྱི་རྒྱལ་ཁབ་ཀྱི་སྲིད་དབང་འཛིན་ཡོད་ཀྱང་རྒྱལ་ཁབ་ནང་ཡར་རྒྱས་རྩ་བ་ནས་ཕྱིན་མེད་པ་མ་ཟད་ཕྱི་ཟླ་ལྔ་པའི་ནང་མའོ་འགོ་ཁྲིད་པུཤི་པ་ཀ་མལ་རྡ་ཧལ་ཡིས་སྲིད་བློན་ནས་དགོངས་པ་ཞུས་པའི་རྗེས་བལ་ཡུལ་གྱི་ཆབ་སྲིད་ལ་གཡོ་འགུལ་ཆེན་པོ་ཐེབས་ཏེ་དཀའ་རྙོག་མང་པོ་འཕྲད་པ་དང་རེས་གཟའ་ཟླ་བའི་ཉིན་མའོ་འགོ་ཁྲིད་པུཤི་པ་ཡིས་གྲོས་ཚོགས་ཐོག་གལ་ཏེ་ད་ལྟའི་བལ་པོའི་གཞུང་གིས་ཟླ་བ་གཅིག་ནང་ཚུད་ལ་ཁོང་ཚོའི་དགོས་འདུན་ཁག་ལག་བསྟར་འཁྱོལ་བ་ཞིག་མ་བྱུང་ཚེ་ངོ་རྒོལ་གྱི་ལས་འགུལ་གསར་པ་སྤེལ་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་བའི་རྗེས་དེ་རིང་རྒྱལ་པོ་ཟུར་པ་གྱ་ནེན་རྡར་ཡིས་རྒྱལ་ཁབ་ནང་ཡར་རྒྱས་རྩ་བ་ནས་མེད་པའི་གསུང་འཕྲིན་དེ་ཁོང་གི་འཁྲུངས་སྐར་ཉིན་མོ་དང་སྟབས་བསྟུན་འགྲེམས་སྤེལ་གནང་བ་ཞིག་ཡིན་པ་རེད།