ཡོ་རོབ་གྲོས་ཚོགས་ཀྱིས་རྒྱ་ནག་ནང་འཚོགས་རྒྱུའི་དགུན་དུས་ཨོ་རྩལ་ནང་ཡོ་རོབ་མཉམ་འབྲེལ་རྒྱལ་ཁབ་མཉམ་ཞུགས་མི་བྱེད་རྒྱུའི་འབོད་སྐུལ་གྲོས་ཆོད་བཞག་འདུག
ཡོ་རོབ་གྲོས་ཚོགས་ནང་དོན་ཚན་ཉི་ཤུ་ལྷག་ཡོད་པའི་གྲོས་ཆོད་ཞིག་མང་མོས་བྱུང་བའི་ནང་རྒྱ་ནག་ནང་འཚོགས་རྒྱུའི་དགུན་དུས་ཨོ་རྩལ་ནང་ཡོ་རོབ་མཉམ་འབྲེལ་རྒྱལ་ཁབ་མཉམ་ཞུགས་མི་བྱེད་རྒྱུའི་འབོད་སྐུལ་གྲོས་ཆོད་བཞག་འདུག
རྒྱ་ནག་གཞུང་གིས་ཧོང་ཀོང་དང་། ཤར་ཏུར་ཀིསུ་ཐན། བོད་བཅས་བའི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་མ་བཏང་བར་ཡོ་རོབ་མཉམ་འབྲེལ་རྒྱལ་ཁབ་ཁག་གི་གཞུང་འབྲེལ་མི་སྣ་༢༠༢༢་ལོར་རྒྱ་ནག་ཏུ་འཚོགས་རྒྱུའི་རྒྱལ་སྤྱིའི་དགུན་དུས་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་ནང་མཉམ་ཞུགས་མི་བྱེད་རྒྱུ་དང་དེའི་ཐད་སྐུལ་མ་བཏང་བའི་གྲོས་ཆོད་ཞིག་ཡོ་རོབ་གྲོས་ཚོགས་ནང་འདི་ཚེས་༨་ཉིན་མང་མོས་གཏན་འབེབས་བྱུང་ཡོད་པ་ཧྥ་རན་སི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
གོང་གསལ་གྱི་གྲོས་ཆོད་དེར། ཇར་མན་དང་། ཧྥ་རན་སི་གཙོས་པའི་ཡོ་རོབ་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་ཆེ་གྲས་མང་ཆེ་བས་རྒྱབ་སྐྱོར་བྱས་ཡོད་པ། ཁྱོན་གྲོས་ཚོགས་ཀྱི་འཐུས་མི་གྲངས་༥༧༨་གྱིས་རྒྱབ་སྐྱོར་བྱས་བ་དང་། འཐུས་མི་གྲངས་༢༩་རྒྱབ་སྐྱོར་བྱས་མེད་པ། འཐུས་མི་གྲངས་༧༣བར་གནས་སུ་བསྡད་རྗེས་མང་མོས་གཏན་འབེབས་བྱུང་ཡོད་འདུག
གྲོས་ཆོད་དེའི་ནང་། རྒྱ་ནག་གཞུང་གིས་ཧོང་ཀོང་དང་ཤར་ཏུར་ཀི་སུ་ཐན་གྱི་ཡུ་གུར་མི་རིགས། བོད་དང་ལྷོ་སོག་པ་སོགས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ནང་། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་དཔང་རྟགས་ར་སྤྲོད་ལྡན་པའི་ཡར་རྒྱས་མ་བཏང་བར་ཡོ་རོབ་མཉམ་འབྲེལ་རྒྱལ་ཁབ་ཁག་གཞུང་འབྲེལ་མ་ལག་དང་ཕྱི་འབྲེལ་སྐུ་ཚབ་བཅས་བས་༢༠༢༢་ལོར་རྒྱ་ནག་ཏུ་འཚོགས་རྒྱུའི་རྒྱལ་སྤྱིའི་དགུན་དུས་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་གྱི་མགྲོན་བརྡ་བརྩིས་མེད་བཏང་ནས་མཉམ་ཞུགས་མི་བྱེད་པའི་སྐུལ་མ་བྱས་འདུག
ད་དུང་རྒྱ་ནག་གཞུང་གི་སྲིད་ཇུས་འོག་ནས་ཧོང་ཀོང་གི་ཀུ་ཤུ་ཉིན་རེའི་གསར་ཤོག་སྒོ་རྒྱག་དགོས་བྱུང་བ་དང་། གསར་ཁང་དེའི་འགོ་ཁྲིད་ལས་བྱེད་འཛིན་བཟུང་དོ་དམ་བྱས་པའི་གནད་དོན་ཐད་སྐྱོན་བརྗོད་དྲག་པོ་བྱས་བ་དང་སྦྲགས། བཙན་ཤེད་ཀྱིས་ཧོང་ཀོང་ཐོག་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཟེར་བ་ལག་བསྟར་བྱས་ནས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་བཟོས་བ་ནི་རྒྱལ་སྤྱིའི་ཐོག་ལའང་རྒྱ་ནག་གི་ཆེས་མཐོང་ལ་གནོད་གཞིའི་རང་བཞིན་ཞིག་ཡིན་པ་གསལ་འདོན་བྱས་འདུག
གཞན་ཡང་ད་རེས་ཡོ་རོབ་གྲོས་ཚོགས་ཀྱི་དོན་ཚན་༢༨་ཅན་གྱི་གྲོས་ཆོད་དེའི་ནང་། དེ་སྔོན་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ནས་རྒྱ་ནག་དང་དཔལ་འབྱོར་མཉམ་ལས་ཀྱི་མ་རྩ་འཛུགས་རྒྱུའི་གྲོས་མཐུན་རྩིས་མེད་བཏང་བར། རྒྱ་ནག་གཞུང་གིས་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་ཤེས་ལྡན་མི་སྣ་སོགས་ལ་རྒྱ་ནག་ནང་ཡོང་རྒྱུར་བཀག་སྡོམ་གྱི་ཉེས་ཆད་བཀེལ་ནས་འཁོན་ལན་སློག་པར་བརྟེན། ད་ཆ་ཡོ་རོབ་གྲོས་ཚོགས་ཀྱི་གྲོས་མཐུན་རྩིས་མེད་བཏང་བ་དེ་མི་མཐུད་དུ་གནས་རྒྱུའི་ཐོག་ད་དུང་རྒྱ་ནག་གཞུང་ལ་ཉེས་ཆད་ཁ་སྣོན་འགེལ་དགོས་པའི་སྐུལ་མ་བྱས་ཡོད་འདུག
སྤྱིར་གོང་གསལ་ཡོ་རོབ་གྲོས་ཚོགས་ཀྱི་གྲོས་ཆོད་དེ་བཞིན་ཁྲིམས་མཐུན་ལག་བསྟར་བྱེད་དགོས་བའི་གྲོས་ཆོད་མ་ཡིན་ཡང་། རྒྱ་ནག་དང་ཡོ་རོབ་མཉམ་འབྲེལ་བར་གྱི་འབྲེལ་བ་སྡུག་ཏུ་འགྲོ་བཞིན་པའི་རྟགས་མཚན་ཞིག་ཡིན་པ་གསལ་བ་དང་། རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་(Zhao Lijian)་གིས། ཡོ་རོབ་གྲོས་ཚོགས་ཀྱི་གྲོས་ཆོད་དེར་དགག་པ་རྒྱབ་ནས་སྐྱོན་བརྗོད་བྱས་ཐོག ཕྱོགས་གཉིས་བར་གྱི་འབྲེལ་བ་ཇེ་སྡུག་ཏུ་མི་འགྲོ་བའི་སླད་ཡོ་རོབ་གྲོས་ཚོགས་ནས་ནོར་འཁྲུལ་ཡོ་བསྲང་བྱེད་དགོས་ལུགས་བརྗོད་ཡོད་པ་རེད།།