བོད་དོན་རྒྱབ་སྐྱོར་བ་དང་ཨ་རིའི་(NBA)་ཡི་རྩེད་འགྲན་པ་གྲགས་ཅན་ཁེན་ཊེར་གྱིས་མིང་གི་རྒྱབ་ལ་རང་དབང་ཞེས་བཏགས་འདུག

དེ་ཡང་ཨེ་ཨེ་ཧྥེ་ཕེ་སོགས་རྒྱལ་སྤྱིའི་གསར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་རྒྱལ་ཡོངས་ལག་རྩེད་སྤོ་ལོ་ལྷན་ཚོགས་(NBA)་ཁོངས་བྷོ་སུ་ཊོན་རུ་ཁག་གི་སྤོ་ལོ་རྩེད་འགྲན་པ་གྲགས་ཅན་(Enes Kanter)་ལགས། སྤྱི་ཟླ་༡༡་པའི་ཚེས་༢༩་ཉིན་ཨ་རིའི་མི་སེར་ཆགས་པ་དང་། ཁོང་གིས་རང་གི་མིང་གི་རྗེས་ལ་རང་དབང་ཞེས་ཁ་སྣོན་གྱིས་བཏགས་ཡོད་པ་བཀོད་འདུག
ད་ལྟ་ལོ་ན་༢༩་ཡིན་པའི་ཁན་ཊེར་ལགས་ནི། ཏུར་ཀེའི་སྲིད་བློན་ཐེ་བའི་གཞུང་ལ་ངོ་རྒོལ་དང་སྐྱོན་བརྗོད་བྱེད་མཁན་ཞིག་ཡིན་ཞིང་། ༢༠༡༧་ལོར་ཏུར་ཀེའི་སྲིད་འཛིན་གྱི་བྱ་སྤྱོད་ལ་བརྟེན་ཁོང་ནི་དུས་རབས་འདིའི་ཧེ་ཊི་ལར་རེད་ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད། མ་ཟད་ཉེ་ལམ་ཟླ་སྔོན་མའི་ཚེས་༡༩་ཉིན། ཁོང་གིས་(twitter)་དྲ་ལམ་བརྒྱུད་བརྙན་ལམ་ནས། ༧སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་ཡོད་པའི་སྟོད་ཐུང་ཞིག་གོན་ནས། རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད་དང་འབྲེལ་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྐར་མ་གསུམ་ལྷག་སྤེལ་ནས། ངས་རྒྱ་ནག་གཞུང་ལ་བོད་རང་དབང་། བོད་ཀྱི་བདག་པོ་བོད་མི་ཡིན་ཞེས་བརྡ་གཏོང་གི་ཡོད། ངས་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་ཇུས་ཀྱི་འོག་ཡོད་པའི་བོད་ནང་གི་གནས་སྟངས་སྐོར་བཤད་རྒྱུ་ཡིན། གཙོ་བོ་རྒྱ་ནག་གཞུང་གིས་བོད་ལ་རང་དབང་སྤྲོད་དགོས་པ་དང་། བོད་ཡུལ་ནི་བོད་མི་ལ་དབང་དགོས་པ། རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་དྲག་གནོན་བྱས་ཏེ་བོད་ནང་གི་བོད་མིར་རང་དབང་མེད་པ་དང་། བོད་མི་ཚོས་བོད་རང་གི་ཕ་སྐད་དང་རིག་གཞུང་བདག་སྐྱོང་བྱེད་རྒྱུའི་ཐོབ་ཐང་ཡང་དག་མེད་པ། ཁོང་ཚོ་ལ་འགྲུལ་བཞུད་ཀྱི་རང་དབང་དང་། ཕྱིའི་གནས་ཚུལ་ཉན་རྒྱུའི་རང་དབང་མེད་པ། འདས་པའི་ལོ་༧༠་རིང་བོད་ཀྱི་གྲྭ་བཙུན་དང་། མཁས་པ་སོགས་འཛིན་བཟུང་བཙོན་འཇུག་བྱས་ཏེ། ཆབ་སྲིད་ཀྱི་སློབ་གསོ་སྤྲད་པ་དང་། བོད་ནང་གི་བོད་མི་ཚོས་༧་གོང་ས་མཆོག་གི་སྐུ་པར་ཉར་བ་ཙམ་དང་། བོད་ཀྱི་རྒྱལ་དར་འཕྱར་བ་ཙམ་གྱིས་འཛིན་བཟུང་བཙོན་འཇུག་བྱེད་པའི་གནས་སྟངས་ཤིག་གི་འོག་ལ་ཡོད་པ་དང་། ད་བར་བོད་མི་༡༥༠་ལྷག་གིས་རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་ལ་ཞི་རྒོལ་བྱས་བའི་གནས་སྟངས་སོགས་ཤེས་པའི་སྒོ་ནས་ཁོང་རང་གིས་བོད་དོན་རྒྱབ་སྐྱོར་གྱི་འབོད་སྒྲ་འདི་ཕྱི་ལ་བསྒྲགས་པ་ཡིན་ཞེས་བསྒྲགས་གཏམ་སྤེལ་པར་རྒྱལ་སྤྱིའི་གསར་ལམ་ཁག་གིས་དོ་སྣང་ཆེན་པོ་བྱས་ཡོད།
ད་དུང་ཉེ་ལམ་ཁོང་ལ་ཨ་རིའི་སྐད་གྲགས་ཆེ་བའི་སེ་ཨན་ཨན་(CNN)་བརྙན་འཕྲིན་ཁང་གི་བཅར་འདྲིའི་སྐབས། ཁོང་གིས། རྒྱ་ནག་གི་དབང་བསྒྱུར་འོག་ཡུ་གུར་མི་རིགས་ས་ཡ་མང་པོས་དེང་རབས་ཀྱི་བྲན་གཡོག་ལམ་ལུགས་འོག་གི་བཟོ་གྲྭ་ཁག་ཏུ་མནར་གཅོད་མྱོང་བཞིན་ཡོད་ཅེས་སྐྱོན་བརྗོད་བྱས་བ་དང་། རྒྱ་ནག་གི་གཙོ་འཛིན་ཞི་ཅིན་ཕིང་ནི་སྙིང་རྗེ་མེད་པའི་སྒེར་གཅོད་པ་ཞིག་རེད་ཞེས་མིང་བཏགས་ནས་རྒྱ་ནག་གཞུང་གིས་བོད་ཁུལ་དུ་སྤེལ་བཞིན་པའི་དམ་དྲག་གི་སྲིད་ཇུས་ཐད་སྐྱོན་བརྗོད་བྱས་ཡོད་པ་རེད།
ལག་རྩེད་སྤོ་ལོ་རྩེད་འགྲན་པ་གྲགས་ཅན་(Enes Kanter)་ལགས་ནི་ཏུར་ཀིའི་མི་རྒྱུད་ཡིན་པ་ཡོ་རོབ་སུད་སི་ནས་སྐྱེས་པ་དང་། ཁོང་གི་སྤྱི་ཚོགས་དྲ་ལམ་(Instragram)་ནང་རྗེས་འབྲངས་བ་མི་གྲངས་འབུམ་༧་ལྷག་དང་། ཊི་ཝེ་ཊར་ལ་རྗེས་འབྲངས་བ་མི་གྲངས་འབུམ་༤་ལྷག དེ་བཞིན་ངོ་དེབ་ལ་རྗེས་འབྲངས་པ་མི་གྲངས་འབུམ་གཉིས་ལྷག་འདུག་ལ། ཁན་ཊེར་ལགས་ཐོག་མར་༢༠༡༡་ལོར་སྐད་གྲགས་ཆེ་བའི་ཨ་རིའི་རྒྱལ་ཡོངས་ལག་རྩེད་སྤོ་ལོ་ལྷན་ཚོགས་(NBA)་སུ་ཞུགས་པ་དང་། དེ་ནས་ཨོ་ཀི་ལ་ཧོ་མ། ནིའུ་ཡོག ཡུག་ཊ་སོགས་ཀྱི་སྤོ་ལོ་རུ་ཁག་ཏུ་ཞུགས་ནས་འགྲན་བསྡུར་བྱས་མྱོང་བ་རེད།
གསར་འགོད་པ། ཀརྨ་རྒྱ་མཚོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།