ལུ་གཙང་དགོན་པའི་དགེ་འདུན་པ་རྣམས་མུ་མཐུད་བཀག་ཉར།
2009.03.02
༄༅༎བོད་ཀྱི་མཚོ་སྔོན་ས་ཁུལ་གྱི་མང་ར་ཁུལ་གྱི་ལུ་གཙང་དགོན་པའི་དགེ་འདུན་པ་རྣམས་ལ་མུ་མཐུད་ནས་རྒྱ་ནག་ཉེན་རྟོག་དམག་མིས་བཀག་ཉར་དྲི་ཞིབ་བྱེད་བཞིན་པ་ཡིན་པའི་གནས་ཚུལ་ཤེས་རྟོགས་བྱུང་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་ཁུང་ལྡན་གྱི་གནས་ཚུལ་འབྱོར་དོན་ལྟར་ན་ཨ་མདོ་མཚོ་སྔོན་གྱི་མང་ར་རྫོང་གི་ནང་དུ་གནས་པའི་ཨ་མདོ་ལུ་གཙང་དགོན་པའི་དགེ་འདུན་པ་བརྒྱ་ཙམ་གྱིས་བོད་ཀྱི་ལོ་གསར་ཚེས་གཅིག་ཉིན་ཞི་བའི་མར་མེའི་ཁྲོམ་སྐོར་གྱི་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་རྗེས་ལུ་གཙང་དགོན་པ་རྒྱ་ནག་ཉེན་རྟོག་དམག་མིས་མཐའ་བསྐོར་ཡོད་པ་མ་ཟད་ཆུ་ཚོད་༤༨ནང་ཚུད་ལ་ནག་ཉེས་ཡོད་པའི་མི་སུ་ཡིན་ཀྱང་མགོ་སྒུར་དགོས་པའི་ཉེན་བརྡ་བཏང་ཡོད་པ་རེད། མགོ་སྒུར་མཁན་སུ་ཡང་བྱུང་མེད་པའི་དུས་མཚམས་སུ་ལུ་གཙང་དགོན་པའི་དགེ་འདུན་རྣམས་དྲི་རྩད་ཞིབ་འཇུག་གི་ཆེད་དུ་རིམ་པ་བཞིན་དུ་རྫོང་ཐོག་ཏུ་བཀག་ཉར་བྱས་ནས་དྲི་རྩད་བྱེད་བཞིན་པ་ཡིན་པ་དང་ཕྱི་ཟླ་གསུམ་པའི་ཚེས་གཉིས་ཉིན་དགོན་པ་དེ་ཉིད་ཀྱི་དགེ་འདུན་བདུན་བཅུ་ཙམ་ཞིག་རྫོང་ཐོག་དུ་བཀག་ཉར་བྱས་ནས་ཞིབ་འཇུག་བྱས་ཡོད་པ་དང་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་པའི་ནང་དུ་ཡོད་པའི་སྐུ་ཞབས་མཁས་གྲུབ་ལགས་ཀྱིས་གསུངས་དོན་ལྟར་དགེ་འདུན་པ་བཅུ་ནང་ནས་མང་ཆེ་བ་དྲི་རྩད་ཀྱི་རྗེས་སུ་གློད་བཀྲོལ་བཏང་ཡོད་འདུག འོན་ཀྱང་དགེ་འདུན་བཅུ་གཅིག་ཕྱི་ཟླ་གསུམ་པའི་ཚེས་གཉིས་ཉིན་གསར་དུ་འཛིན་བཟུང་བྱས་ནས་རྒྱ་ནག་གི་ས་གནས་བཀག་ཉར་ཁང་ནང་བཀག་ཉར་བྱེད་བཞིན་པ་ཡིན་པའི་གནས་ཚུལ་འགྲེལ་བརྗོད་གནང་སོང་དེ་ཡང་སྐུ་ཞབས་མཁས་གྲུབ་ལགས་ཀྱིས་གསུངས་དོན་ལ་རྒྱ་ནག་གིས་དཔོན་རིགས་ཚོས་ངོ་རྒོལ་གྱི་ལས་འགུལ་བྱུང་བ་དེ་ས་གནས་ཀྱི་བོད་རིགས་ལས་བྱེད་རྣམས་ཀྱིས་འགན་འཁུར་འཐུས་ཚང་མ་བྱས་པའི་འབྲས་བུ་ཡིན་པའི་ཆ་ནས་ལས་བྱེད་ཀྱི་གནས་བབས་ནས་ཕྱིར་འབུད་བྱ་རྒྱུའི་ཉེན་བརྟ་ཡང་བཏང་ཡོད་པའི་གནས་ཚུལ་བྱུང་འདུག ས་གནས་སུ་ཞི་བའི་ངོ་རྒོལ་སྤེལ་མཁན་ལུ་གཙང་དགོན་པའི་ནང་དགེ་འདུན་པ་སུམ་བརྒྱ་དྲུག་བཅུ་ཡོད་བཞིན་པ་དང་འདས་པའི་ལོའི་ཕྱི་ཟླ་གསུམ་པའི་ཚེས་བཅུ་གསུམ་ཉིན་ཀྱང་ལུ་གཙང་དགོན་པའི་དགེ་འདུན་པ་རྣམས་ཀྱིས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད༎