རྒྱ་གཞུང་གིས་གཏེར་ལུང་ནས་བོད་མི་དགུ་འཛིན་བཟུང་།
2013.11.29
༄༅། །བོད་ཤར་ཕྱོགས་དཀར་མཛེས་དཔལ་ཡུལ་རྫོང་གཏེར་ལུང་དགོན་གྲོང་གཉིས་ཀྱི་མི་བརྒྱད་རྒྱ་གཞུང་གིས་འཛིན་བཟུང་གིས་དགོན་གྲོང་གཉིས་རྒྱ་དམག་གིས་དམ་བསྒྲགས་འོག་ཚུད་ཡོད་འདུག དེ་ཡང་ཚེས་༢༨ཉིན་གནས་ཚུལ་ཐོན་པ་ལྟར་ན། ཟླ་བ་འདིའི་ཚེས་༢༣ཉིན་དཀར་མཛེས་དཔལ་ཡུལ་རྫོང་སྡེ་དགེ་གཏེར་ལུང་དགོན་གྲོང་གཉིས་ཀྱི་མི་དགུ་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་ཅིང་། གནས་ཚུལ་དེའི་འབྱུང་རྩ་ནི། ཟླ་བ་ཁ་ཤས་གོང་ལ་གཏེར་ལུང་ཞང་གི་འགོ་ཁྲིད་གཉིས་ཀྱི་ལག་འབྲེལ་འོག སྔ་འགྱུར་རྙིང་མའི་གདན་ས་ཁང་དམར་དགོན་པའི་གནས་རྡོ་རྩ་ཆེན་རླངས་འཁོར་གང་རྐུ་འཁྱེར་བྱས་ཏེ། ཕྱེད་ཀ་རྒྱ་ནག་ནང་བཙོངས་པ་དང་རྡོ་འགའ་ཞིག་དཔལ་ཡུལ་རྫོང་སྲིད་གཞུང་གི་ཁང་པ་གསར་རྒྱག་བྱེད་བཞིན་པའི་སྒོ་འགྲམ་དུ་བཞག་ཡོད་སྟབས། གཏེར་ལུང་དགོན་གྲོང་གཉིས་ཀས་རྫོང་རིམ་པར་ཞུ་གཏུག་བྱས་ཏེ་ངོ་མཚར་ཅན་གྱི་རྡོ་རང་བྱོན་དེ་དག་ཕྱིར་སྤྲོད་རྒྱུར་འབོད་སྐུལ་ཞུས་ཀྱང་ཡ་ལན་གང་ཡང་མ་བྱས་སྟབས། མི་མང་འུ་ཐུག་སྟེ་ཟླ་འདིའི་ཚེས་ ༢༣ ཉིན་ཞང་འོག་གི་མི་ཡོངས་རྫོགས་དཔལ་ཡུལ་རྫོང་ཐོག་ཏུ་ངོ་རྒོལ་རྔམ་སྟོན་བྱེད་པར་བསྐྱོད་རྒྱུའི་གྲོས་བྱས་ཡོད་ཀྱང་། སྟབས་མ་ལེགས་པར་གནས་ཚུལ་ཕྱི་གྱར་ཕྱིན་ཏེ་ཚེས་ ༢༢ ཉིན་གྱི་མཚན་མོ་རྒྱ་གཞུང་གིས་དམག་མི་མང་པོ་བཏང་སྟེ་ སྨྲ་ཀོང་གྲོང་གི་དམ་ཆོས་ཚེ་བརྟན་ལགས་དང་ ཤིང་སྒོ་གྲོང་གི་བུ་འབྲིང་མ་ལགས་ གདོང་ཐོག་གྲོང་གི་རིན་ཆེན་ཚེ་རིང་ལགས་ རྡོ་ལྷུང་གཤིས་ཀྱི་ཀུན་བཟང་ལྷུན་འགྲུབ་ལགས་ དཔལ་འབྱོར་གྲོང་གི་བཀྲ་ཤིས་ཚེ་རིང་ལགས་དང་ སྐལ་བཟས་ཆོས་སྒྲོན་ལགས་ ཁོང་སྟོང་གྲོང་གི་པད་མ་དམ་ཆོས་ལགས་ ཨོ་རྒྱན་ཕུན་ཚོགས་ལགས་ ཨ་ཡི་གྲོང་གི་བཀྲ་ཤིས་རྡོ་རྗེ་ལགས་བཅས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པས་མ་ཟད། དགོན་གྲོང་གཉིས་དམག་མིས་སྐོར་ཞིང་བརྡ་འཕྲིན་བརྒྱུད་ལམ་ཁག་ཀྱང་བཀག་ཡོད་པ་དང་། ས་གནས་དེ་ཁུལ་གྱི་འགྲིམ་འགྲུལ་ཡང་ཉིན་འདི་འགར་བཀག་སྡོམ་བྱས་ཡོད་འདུག
གསར་འགོད་པ་ཀརྨ་ལགས།