ཤེས་རིག་བཀའ་བློན་མཆོག་ནེ་རུ་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ་དང་ཐུག་འཕྲད་གནང་འདུག

2022.05.02
ཤེས་རིག་བཀའ་བློན་མཆོག་ནེ་རུ་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ་དང་ཐུག་འཕྲད་གནང་འདུག ཤེས་རིག་བཀའ་བློན་མཆོག་ནེ་རུ་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ་དང་ཐུག་འཕྲད་གནང་སྐབས། ༠༤།༢༧།༢༠༢༢
tibet.net

དེ་སྔོན་སྤྱི་ལོ་༢༠༡༩ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ནེ་རུ་གཙུག་ལག་སློབ་གྲྭ་ཆེན་མོས། ཕྱི་རྒྱལ་བའི་སློབ་མ་ཚོར་སློབ་ཡོན་འཕར་སྣོན་གྱི་སྒྲིག་གཞི་ཞིག་ལག་བསྟར་བྱས་ཡོད་པར་བརྟེན། བཙན་བྱོལ་བོད་མིའི་སློབ་ཕྲུག་ཚོའང་སློབ་ཡོན་འཕར་སྣོན་གྱི་སྒྲིག་གཞི་དེའི་ཁོངས་སུ་བཅུག་པར་བརྟེན། སློབ་ཕྲུག་མང་པོ་ཞིག་གིས་སློབ་ཡོན་སྤྲད་མ་ཐུབ་པའི་དཀའ་ངལ་འཕྲད་དེ་སློབ་མཚམས་བཞག་པ་དང་། དཔལ་འབྱོར་ཞན་པའི་བོད་པའི་སློབ་མ་ཚོ་སློབ་ཞུགས་མ་ཐུབ་པའི་དཀའ་ངལ་མུ་མཐུད་འཕྲད་བཞིན་ཡོད་པའི་དུས་སྐབས་འདིར། ཉེ་ལམ་སྤྱི་ཟླ་༤པའི་ཚེས་༢༧ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་ལགས་དང་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་རྣམ་གཉིས་ལྡི་ལིར་ཆེད་ཕེབས་ཀྱིས་གཙུག་ལག་སློབ་ཆེན་དེ་ཉིད་ཀྱི་སློབ་གཙོ་གཞོན་པ་(Vice Chancellor)་སློབ་དཔོན་(SantiShree D Pandit)་ལགས་དང་ཐུག་འཕྲད་གནང་སྟེ། ནེ་རུ་གཙུག་ལག་སློབ་གྲྭ་ཆེན་མོས་བོད་པའི་སློབ་མ་ཚོར་སློབ་ཡོན་འཕར་སྣོན་བྱས་པའི་དཀའ་ངལ་དེ་དག་སྙན་སེང་ཞུས་ནས་སློབ་ཡོན་མཐོ་དྲགས་པའི་དཀའ་ངལ་སེལ་རོགས་ཞུས་ཡོད་འདུག་ལ། དེའི་ཐད་སློབ་གཙོ་གཞོན་པའི་ངོས་ནས་དཀའ་ངལ་དེ་དག་སེལ་ཐབས་དགོངས་བཞེས་གནང་རྒྱུ་ཡིན་པ་ཞལ་བཞེས་གནང་ཡོད་པ་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཡང་དེ་དང་ཕྱོགས་མཚུངས་དེ་སྔོན་སྤྱི་ལོ་༢༠༡༩ལོའི་ལོ་མཇུག་ཏུ་ལྡི་ལིའི་སྐུ་ཚབ་དོན་གཅོད་ལས་ཁུངས་ངོས་ནས། ལྡི་ལིའི་ནེ་རུ་གཙུག་ལག་སློབ་གྲྭ་ཆེན་མོས་བོད་པའི་སློབ་མ་ཚོར་ཕྱི་རྒྱལ་གྱི་སློབ་མ་ནང་བཞིན་སློབ་ཡོན་འཕར་སྣོན་བྱས་ཏེ་དཀའ་ངལ་འཕྲད་བཞིན་པའི་གནད་དོན་དེ་དག རྒྱ་གར་དབུས་གཞུང་ལ་ཞུ་གཏུག་གནང་ཡོད་པ་དེའི་ཐད་ད་ལྟ་ཆར་གྲུབ་འབྲས་ག་རེ་ཐོན་ཡོད་མེད་སྐོར་ལྡི་ལི་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས། དེ་སྐོར་ད་ལྟའི་ཆར་གསར་འགོད་པར་གང་ཡང་ཞུ་རྒྱུ་མིན་ཞེས་འགྲེལ་བརྗོད་གནང་བྱུང་། སྤྱིར་བཏང་དེ་སྔོན་༢༠༡༩ལོའི་ལོ་མཇུག་བར་ནེ་རུ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་བོད་པའི་སློབ་ཕྲུག་མང་པོ་ཡོད་པ་རེད། འོན་ཀྱང་། དེའི་རྗེས་སློབ་ཡོན་འཕར་སྣོན་བྱས་པའི་རྐྱེན་གྱིས་ད་ལྟའི་ཆར་བོད་པའི་སློབ་མ་ཁྱོན་༡༠ཙམ་ལས་འཛུལ་ཞུགས་གནང་ཐུབ་པ་མེད་པ་མ་ཟད། བོད་པའི་སློབ་ཕྲུག་ཚོར་ཕྱི་གླིང་བའི་སློབ་མའི་ཁོངས་སུ་འཛུལ་ཞུགས་བྱས་ཡོད་པར་རྟེན། སློབ་འཇུག་གི་སྒྲིག་གཞི་གསར་པ་དེའི་ནང་ལྷོ་ཤར་ཨེ་ཤེ་ཡའི་སློབ་མ་ཚོར་སློབ་ཡོན་འཕར་སྣོན་བྱས་པའི་རྐྱེན་གྱིས་རང་བཞིན་གྱི་བོད་པའི་སློབ་མ་ཚོར་སློབ་ཡོན་འཕར་སྣོན་བྱས་ཡོད་འདུག
ལྷག་པར་དུ་ད་རེས་ཤེས་རིག་བཀའ་བློན་དང་དྲུང་ཆེ་རྣམ་གཉིས་ནས་ནེ་རུ་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་གཙོ་གཙོས་པའི་འབྲེལ་ཡོད་མི་སྣ་ཚོར་བོད་པའི་སློབ་ཕྲུག་ཚོ་ནི་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་(CBSE)ཀྱིས་ངོས་འཛིན་ཡོད་པའི་སློབ་གྲྭ་ཁག་ནས་སློབ་ཐོན་བྱུང་བའི་སློབ་མ་ཡིན་པ་སོགས་ཀྱི་གནས་སྟངས་སྐོར་སྙན་སེང་ཞུས་ཡོད་པ་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་ནེ་རུ་གཙུག་ལག་སློབ་གྲྭ་ཆེན་མོས་ཕྱི་རྒྱལ་གྱི་སློབ་མ་ཚོར་སློབ་ཡོན་འཕར་སྣོན་གྱི་སྒྲིག་གཞི་གསར་པ་དེའི་ནང་། སྤྱི་ཚོགས་ཚན་རིག་གི་སློབ་ཚན་ལེན་མཁན་སློབ་མ་རེ་ཡིས་ལོ་རེར་སློབ་ཡོན་ཧིན་སྒོར་༡༨༢༤༠༠ སྤྲོད་དགོས་པ་དང་། ཚན་རིག་སློབ་ཚན་ལེན་མཁན་ཚོས་ཧིན་སྒོར ༢༥༨༤༠༠ སྤྲོད་དགོས་པ་དེའི་ནང་ཟས་དོད་དང་ཁང་གླ་བཅས་ཚུད་མེད་པ་འཁོད་འདུག
གཞི་རྩའི་ཆ་ནས་ནེ་རུ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་བོད་པའི་སློབ་ཕྲུག་ཚོ་ཡང་རྒྱ་གར་གྱི་སློབ་ཕྲུག་དཀྱུས་མ་ནང་བཞིན་ཚུད་རྒྱུག་བཏང་སྟེ་འཛུལ་ཞུགས་བྱེད་ཆོག་པའི་ཆ་རྐྱེན་ཡང་སྐྲུན་ཡོད་འདུག

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎