བོད་ཀྱི་ཨ་མདོ་ཁུལ་དུ་ས་ཡོམ་བརྒྱབ་སྐོར།
2009.08.31
༄༅༎བོད་ཀྱི་ཨ་མདོ་མཚོ་སྔོན་ཁུལ་དུ་གཟའ་ཟླ་བའི་ཉིན་རྒྱབ་ཚོུད་དྲུག་དང་སྐར་མ་བཅོ་ལྔའི་ཐོག་བསྐྱར་དུ་སྒུལ་ཚད་རིམ་པ་ལྔ་དང་ཚག་བརྒྱད་བྱས་པའི་ས་ཡོམ་རྒྱབ་ཡོད་པ་ཨ་རིའི་ས་ཡོམ་བརྟག་དཔྱད་ལས་ཁང་གི་ཟིན་ཐོའི་ནང་ཐོན་ཡོད་པ་དང་ད་ལྟའི་ཆར་ས་ཡོམ་གྱི་གནོད་འཚེ་དེས་མི་ཤི་རྨས་དང་གནོད་འཚེ་ཚབས་ཆེ་ཆུང་ཇི་འདྲ་ཕོག་ཡོད་མེད་གནས་ཚུལ་གསལ་པོ་གང་ཡང་མིན་འདུག
གཟའ་པ་སངས་ཉིན་མཚོ་སྔོན་ཞིང་ཆེན་གྱི་ཧད་ཤིའི་ཟེར་བའི་སོག་པོ་དང་བོད་རིགས་རང་སྐྱོང་ས་ཁུལ་དེའི་ནང་ས་ཡོམ་འགུལ་ཚད་རིམ་པ་དྲུག་དང་ཚག་གཉིས་བྱས་པ་ཞིག་རྒྱབ་ཡོད་པ་མ་ཟད་ས་ཡོམ་གྱི་སྒུལ་ལྷག་ཉིན་དེ་རང་ལ་ཐེངས་ཉི་ཤུ་ཙམ་བྱུང་ཡོད་པ་དང་ས་ཡོམ་གྱི་གནོད་འཚེའི་ནང་ཁང་པ་སུམ་ཅུ་ཙམ་མཐོར་སྐྱོན་བྱུང་ཡོད་ཀྱང་མི་ཤི་རྨས་ཀྱི་གནས་ཚུལ་བྱུང་མེད་ལུགས་རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་བརྒྱུད་ལམ་གྱིས་སྤེལ་བའི་གནས་ཚུལ་ནང་འཁོད་ཡོད་པ་རེད། མཚོ་སྔོན་ཞིང་ཆེན་ས་ཡོམ་བརྟག་དཔྱད་ལས་ཁང་གིས་གནས་ཚུལ་བརྗོད་པར་གཞིགས་ན་གཟའ་པ་སངས་ཉིན་རྒྱབ་པའི་ས་ཡོམ་གྱིས་དེའི་རྒྱུད་ཀྱི་རི་ལིའི་ལྕགས་ལམ་ལ་གནོད་འཚེ་གང་ཡང་བྱུང་མེད་ལུགས་བརྗོད་ཡོད་པ་རེད། མཚོ་སྔོན་ཞིང་ཆེན་གྱི་གོང་ཞུས་ས་ཡོམ་གྱི་གནོད་འཚེ་ཕོག་སའི་ཁུལ་དུ་ན་ནིང་ཕྱི་ཟླ་དྲུག་པ་དང་ཕྱི་ཟླ་བཅུ་གཅིག་པ་གཉིས་ནང་ས་ཡོམ་སྒུལ་ཤུགས་རིམ་པ་ལྔ་དང་རིམ་པ་དྲུག་དང་ཚག་གསུམ་བྱས་པ་གཉིས་རྒྱབ་ཡོད་པ་དང་ལྷག་པར་དུ་ན་ནིང་ཕྱི་ཟླ་བཅུ་གཅིག་ནས་བཟུང་ད་བར་ས་ཡོམ་གྱི་སྒུལ་ལྷག་ཆེ་ཆུང་འདྲ་མིན་ཐེངས་སུམ་སྟོང་ཙམ་བྱུང་ཡོད་འདུག