བྲག་མགོ་མཁའ་ཉ་ཡུལ་ཚོར་སློབ་གྲྭ་མེད་པའི་དཀའ་ངལ་འཕྲད་པ།
2015.10.28

བྲག་མགོ་རྗོང་གི་མཁའ་ཉ་ཡུལ་ཚོར་གློག་དང་འགྲིམ་འགྲུལ་གྱི་དཀའ་ངལ་ཡོད་པ་དང་སློབ་གྲྭ་སྒོ་རྒྱབ་པའི་དཀའ་ངལ་འཕྲད་བཞིན་ཡོད་པ།
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན་ལྟར་ན། བྲག་མགོ་རྗོང་མཁའ་ཉ་གྲོང་ཚོའི་ནང་། རྒྱ་ནག་གིས་ཕྱི་ལོ་༢༠༠༨་ནས་བཟུང་དབུལ་སྐྱོབ་འཛུགས་སྐྲུན་གྱི་ལས་གཞི་མཚམས་འཇོག་བྱས་པར་བརྟེན་ནས་མཁའ་ཉ་ཡུལ་ཚོའི་ནང་ཡོད་པའི་གློག་དང་། དེ་བཞིན་འགྲིམ་འགྲུལ་གྱི་རོགས་རམ་ཡོད་པ་ཕྱིར་བསྡུ་བྱས་ཡོད་པ་རེད། དེར་བརྟེན་ས་ཁུལ་དེའི་མཁའ་ཉ་ལྟེ་གནས་སློབ་ཆུང་གི་དགེ་རྒན་ཡོད་པ་རྣམས་ཀྱང་མུ་མཐུད་ནས་མ་བསྡད་པར་སློབ་ཆུང་དེ་སྒོ་རྒྱབ་དགོས་པའི་གནས་ཚུལ་བྱུང་ཡོད་པ་མ་ཟད། གཞུང་གི་རོགས་རམ་ཕྱིར་བསྡུ་བྱས་པའི་འོག་ས་གནས་སུ་ཡོད་པའི་བོད་མི་རྣམས་ལ་ཁ་པར་གི་མཐུན་རྐྱེན་དང་། རང་བྱུང་གི་ཆུའི་ཐོན་ཁུངས་མེད་པ། ལྷག་དོན་དབྱར་ཁའི་ཆར་ཆུ་དང་དགུན་དུས་ཀྱི་ཁ་བའི་འོག་ས་ཁུལ་དུ་འགྲོ་བསྐྱོད་ཀྱི་ལམ་འགག་གི་ཡོད་དུས་ས་ཁུལ་གྱི་བོད་མི་རྣམས་ལ་བཟའ་འཐུང་གི་འཚོ་བའི་དགོས་མཁོ་དུས་ཐོག་ཐོབ་རྒྱུར་དཀའ་ངལ་འཕྲད་ཡོད་པ་རེད།
མཁའ་ཉ་ཡུལ་ཚོ་ནས་བྲག་མགོ་རྗོང་གཉིས་དབར་འགྲོ་བསྐྱོད་བྱེད་དུས་འགྲོ་ལམ་ཡག་པོ་མེད་པའི་རྐྱེན་གྱིས་ཆུ་ཚོད་དྲུག་ནས་བདུན་ཙམ་འགོར་གྱི་ཡོད་པ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་པ་ཡིན་པ་དང་། སྔོན་ས་ཁུལ་དུ་ཤིང་ནགས་ཀྱི་མཐུན་རྐྱེན་ཡག་པོ་ཡོད་དུས་རྒྱ་ནག་གི་ཚོང་ལས་ཁང་གིས་ས་གནས་ནས་ཤིང་ནགས་བཅད་ནས་ས་གནས་ཀྱི་ཁོར་ཡུག་ལ་ཡང་གནོད་སྐྱོན་བཟོས་ཡོད་པ་རེད་འདུག བྱས་ཙང་ས་གནས་ཀྱི་བོད་མི་རྣམས་ཀྱིས་ས་གནས་རྗོང་གི་འགོ་ཁྲིད་དང་། རྒྱལ་སྤྱིའི་ཐོག་མཁའ་ཉ་ཡུལ་ཚོའི་ཡུལ་མི་རྣམས་ཀྱི་དཀའ་སྡུག་ལ་ཐུགས་སྣང་དང་དཀའ་ངལ་འཕྲད་བཞིན་པ་སེལ་ཐབས་ཀྱི་འབོད་བསྐུལ་གནང་ཡོད་པ་རེད་འདུག
བྲག་མགོ་ཁུལ་དུ་ཕྱི་ལོ་༢༠༠༨་དང་། དེ་ནས་ཕྱི་ལོ་༢༠༡༢་ལོར་རྒྱ་ནག་གི་སྲིད་བྱུས་ལ་ངོ་རྒོལ་གྱི་དོན་རྐྱེན་རིམ་པ་བྱུང་བར་རྒྱ་ནག་གིས་དྲག་གནོན་ཤུགས་ཆེ་བྱས་ཡོད།
གསར་འགོད་པ་ཀརྨ་རྡོ་རྗེ།