ལྷ་སའི་ཁུལ་དུ་བོད་མི་གཞོན་སྐྱེས་མང་པོ་འཛིན་བཟུང་བྱས་སྐོར།
2009.02.04
༄༅༎རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་བོད་ས་གླང་ལོའི་ལོ་གསར་གཏོང་མི་རུང་བའི་ཁྱབ་བསྒྲགས་བྱེད་མཁན་གྱི་དོགས་གཞིའི་འོག་བོད་མི་གཞོན་སྐྱེས་མང་པོ་ཞིག་འཛིན་བཟུང་བྱས་ཡོད་པ་རེད།
ཉེ་ཆར་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་ཉེན་རྟོག་པའི་ཆས་མི་སྤྲས་པའི་ཉེན་རྟོག་པ་ཁག་ཅིག་དང་དེ་བཞིན་ལག་ཏུ་མེ་མདའ་འཁྱེར་བའི་དམག་མི་ཁག་ཅིག་གློ་བུར་དུ་ཇ་ཁང་ནང་འཛུལ་ཡོང་ཏེ་དེའི་ནང་ཡོད་པའི་གཞོན་སྐྱེས་མང་པོ་ཞིག་འཛིན་བཟུང་བྱས་ཡོད་ལུགས་སྐབས་དེར་གནས་ཚུལ་དངོས་སུ་མིག་མཐོང་བྱུང་བའི་མི་སྣ་ཞིག་གིས་ཀྲའེམ་སེ་ཨོན་ལའེན་ཞེས་པའི་གསར་འགོད་པར་གནས་ཚུལ་འགྲེལ་བརྗོད་གནང་འདུག
གོང་ཞུས་གཞོན་སྐྱེས་དེ་ཚོའི་ནང་ནས་མང་པོ་ཞིག་གིས་ལོ་གསར་གཏོང་མི་རུང་བའི་ཁྱབ་བསྒྲགས་བྱས་པའི་ཉེས་བཙུགས་ཀྱིས་འཛིན་བཟུང་བྱས་ཡོད་པ་རེད་ཅེས་བོད་ཀྱི་རྒྱལ་ས་ལྷ་ས་ནས་གནས་ཚུལ་འགྲེལ་བརྗོད་གནང་འདུག བོད་ནང་བཞུགས་མཁན་བོད་མི་ཚོས་བོད་ས་གླང་ལོའི་ལོ་གསར་དགའ་སྟོན་རྟེན་འབྲེལ་གནང་རྒྱུ་མིན་པའི་རྒྱུ་མཚན་ནི་ན་ནིང་ཕྱི་ལོ་༢༠༠༨ལོའི་ནང་རྒྱ་ནག་གཞུང་གིས་དྲག་གནོན་འོག་བོད་མི་དཔའ་བོ་དཔའ་མོ་མང་པོ་ཞིག་འདས་གྲོངས་སུ་གྱུར་བའི་དོན་རྐྱེན་ལ་གདུང་སེམས་མཉམ་སྐྱེད་བྱེད་དགོས་པའི་སྐོར་ཕན་ཚུན་ལན་བརྡ་སྤྲོད་རེས་བྱེད་ཀྱི་ཡོད་པ་རེད་ཅེས་གནས་ཚུལ་ནང་སྤེལ་ཡོད་པ་རེད། ཡང་བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྒྱ་ནག་གཞུང་འབྲེལ་ལས་ཁུངས་ཀྱི་ལས་བྱེད་མི་སྣ་ཚོ་ཉིན་རེ་ལས་ཁུངས་ཀྱི་དུས་ཚོད་ཐོག་ལས་ཁུངས་ནང་ལས་ཀ་བྱས་ནས་སྡོད་དགོས་པ་ལས་དེ་བཞིན་སྤྱི་ཚོགས་ནང་གི་མདའ་དཀྲུག་ཕུ་དཀྲུག་གི་ལས་དོན་ཁག་ནང་མཉམ་ཞུགས་བྱེད་མི་ཆོག་པ་དང་དེ་ག་ནང་བཞིན་ལས་བྱེད་པའི་ནང་མི་ཚོ་ཡང་སྤྱི་ཚོགས་ནང་གི་ལས་དོན་དེ་ཚོའི་ནང་མཉམ་ཞུགས་བྱས་པ་ཡིན་ན་ལས་ཁུངས་ནས་ཉེས་པ་གཏོང་རྒྱུ་ཡིན་ལུགས་གཞུང་འབྲེལ་ལས་བྱེད་པ་ཚོར་ཉེན་བརྡ་བཏང་ཡོད་པ་རེད་ཅེས་བོད་ཀྱི་རྒྱལ་ས་ལྷ་ས་ནས་གོང་ཞུས་གསར་འགྱུར་བརྒྱུད་ལམ་ཁང་དུ་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་རེད།