དོན་འགྲུབ་དབང་ཆེན་གྱིས་བོད་དང་བོད་མིའི་དཀའ་སྡུག་ཐད་འབོད་སྐུལ།


2018.02.14
ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་གྱིས་གཏམ་བཤད་གནང་བཞིན་པ་། ༢༠༡༨།༢།༡༣ ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་གྱིས་གཏམ་བཤད་གནང་བཞིན་པ་། ༢༠༡༨།༢།༡༣
Lhuboom/RFA

བོད་ནང་ཆབ་སྲིད་བཙོན་པ་གཙོས་བོད་མི་ཚོས་མུ་མཐུད་ནས་དཀའ་སྡུག་མྱོང་བཞིན་ཡོད་པ་དོན་འགྲུབ་དབང་ཆེན་ལགས་ཀྱིས་ཨ་རིའི་རྒྱལ་ས་ནས་ངོ་སྤྲོད་གཏམ་བཤད་གནང་སོང་།
དེ་ཡང་འདི་ཚེས་༡༣་ཉིན་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་ཨ་མི་རི་ཀའི་རྒྱལ་སར་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྣེ་ལེན་གསོལ་སྟོན་གོ་སྒྲིག་གནང་བའི་ཐོག ཁོང་གིས། རྒྱ་ནག་གཞུང་གིས་འཛིན་བཟུང་བྱེད་སྐབས་བདེན་དཔང་གང་ཡང་སྟོན་རྒྱུ་མེད་པ་མ་ཟད། མགོ་རས་ནག་པོས་བཀབ་ནས་གང་ལ་ཁྲིད་པ་ཧ་མི་གོ་བ། རྐང་ལག་གཉིས་ཀར་ལྕགས་སྒྲོག་རྒྱབ་ནས་མནར་གཅོད་བཏང་བ་དང་། ཟ་མ་དང་ཆུ་མ་སྤྲད་པར་གཉིད་བཅག་པ་སོགས་མནར་གཅོད་ཚད་མེད་བཏང་ནས་ལོ་དྲུག་ལ་བཙོན་དུ་སྡུག་སྦྱོང་མྱངས་བ་གསུང་ནས། སྤྱིར་བཏང་རྒྱ་ནག་གི་ཁྲིམས་ནང་བཙོན་མའི་ལོ་ཚད་ཉུང་འཕྲི་བྱེད་པར་རེ་འདུན་ཞུ་གཏུག་གོང་རིམ་ཞུ་ཆོག་ཚུལ་བཀོད་ཀྱང་། ཁོང་གིས་དེའི་ཐད་རེ་འདུན་ཞུས་བ་དེ་དང་ལེན་མ་བྱས་བ་མ་ཟད། ཕྱི་ལོག་ལ་དེའི་གནས་སྟངས་སྐོར་གྱི་ཡི་གེ་ཞིག་སྐུར་བ་ཉེན་རྟོག་པས་ཤེས་རྟོགས་ཀྱིས་དམིགས་བསལ་གྱི་ཁྲིམས་ཆད་འཕར་མ་བཅད་དེ་རྒྱ་སྐད་ཀྱིས་ཅིན་པེས་ཧྲིས་ཞེས་པའི་ནག་བཙོན་དུ་བཅུག་པ། དེ་བཞིན་ཡང་ཁོང་བཙོན་ནས་གློད་གྲོལ་ཐོབ་པའི་རྗེས་སུ་ཡང་བདེ་འཇགས་མི་སྣས་འབོད་འགུག་བྱས་ནས་འཇིགས་བྲལ་གློག་བརྙན་རྒྱལ་སྤྱིའི་སྟེང་སྐད་གྲགས་ཆགས་པ་དེ་རང་ཉིད་ནས་འགྱོད་བཤགས་བྱས་ཏེ་སྐད་གྲགས་མར་ཆགས་པའི་སྐད་ཆ་བཤད་པ་ཡིན་ན་ནང་མི་ལྷན་འཛོམས་ཀྱི་གོ་སྐབས་སྤྲོད་རྒྱུ་ཡིན་ཚུལ་བརྗོད་ཚུལ། དེ་མིན་དེ་སྔོན་ཁོང་འཛིན་བཟུང་བཀག་ཉར་གྱིས་ཁྲིམས་ཆད་མ་བཅད་པའི་སྐབས་སུ་ཡང་གལ་ཏེ་གློག་བརྙན་དེ་རང་འགུལ་གྱིས་བཟོས་བ་མིན་པར་གཞོན་ནུ་ཚོགས་པ་སོགས་ཕྱི་ཕྱོགས་ནས་བཙན་སྐུལ་གྱིས་བཟོས་བ་བརྙན་ནང་བརྗོད་ན་ཁྲིམས་ཆད་གཅོད་རྒྱུ་མིན་ཚུལ་སོགས་གཡོ་ཐབས་སྣ་ཚོགས་བཀོལ་ཚུལ། མཐའ་མ་དེར་ཐབས་ཤེས་སྣ་ཚོགས་བརྒྱུད་ཁོང་ཨ་རིའི་ནང་འབྱོར་ཐུབ་པ་བྱུང་བ་རེད་ཡིན་ནའང་བོད་ནང་ད་དུང་ང་ལས་སྡུག་པའི་ཆབ་སྲིད་བཙོན་པ་མང་པོ་ཞིག་ལྷག་ཡོད་པ་རེད། དེ་ཚོར་རྒྱལ་སྤྱིའི་སྟེང་དོ་སྣང་དང་བོད་ནང་གི་བོད་མིའི་བདེ་སྡུག་དང་འགྲོ་བ་མིའི་ཐོབ་ཐང་ལ་ཐུགས་སྣང་གནང་བའི་འབོད་སྐུལ་དང་མཉམ་ཁོང་རང་ངོས་ནས་མཚོན་ན་རྒྱལ་སྤྱིའི་སྟེང་ཅི་ཙམ་གནས་སྟངས་ངོ་སྤྲོད་བྱེད་ཐུབ་ན་དེ་ཙམ་གྱི་ཕན་ཐོགས་ཡོད་པ་ར་སྤྲོད་བྱུང་བ་སོགས་རྒྱ་ནག་གི་བཙོན་དུ་ལོ་དྲུག་རིང་སྡུག་སྦྱོང་མྱོང་བ་སོགས་ངོ་སྤྲོད་གཏམ་བཤད་གནང་ཡོད།
དེ་བཞིན་ཕྱི་ཟླ་ ༢ ཚེས་ ༡༢ ཉིན་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་འཇིགས་བྲལ་གློག་བརྙན་བཟོ་མཁན་བོད་ཀྱི་ཆབ་སྲིད་བཙོན་པ་དོན་གྲུབ་དབང་ཆེན་ལགས་ཨ་རིར་བདེ་འབྱོར་གྱིས་ནང་མི་མཉམ་འཛོམས་བྱུང་བའི་འཚམས་འདྲིའི་གསོལ་སྟོན་ཞིག་གོ་སྒྲིག་གནང་བ་དང་། སྐུ་ཚབ་དོན་གཅོད་མཆོག་ནས་རྟེན་འབྲེལ་གྱི་མཇལ་དར་ཞིག་ཕུལ་བ་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རོགས་རམ་གནང་དགོས་འབད་བརྩོན་ཞུ་རྒྱུའི་བཀའ་མོལ་གནང་ཞིང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཚན་རྟགས་འཁོད་པའི་ས་ཁྱི་ལོའི་ལོ་གསར་གྱི་གཤིས་ཤོག་དང་། ༧གོང་ས་མཆོག་གི་མཛད་པ་མཚོན་པའི་ ༢༠༡༨ ལོའི་ལོ་ཐོ་ཞིག་གནང་སྟེ་བོད་མིའི་སྒྲིག་འཛུགས་ཀྱི་འཚམས་འདྲི་མཚོན་པ་གནང་འདུག
ཁོང་ཨ་རིའི་རྒྱལ་སར་ཕྱི་ཟླ་གཉིས་པའི་ཚེས་༩ ནས་༡༥ བར་བཞུགས་པའི་རིང་ཕྱི་ཚེས་༡༤ སྔ་དྲོ་ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་དང་སྤྱི་མཐུན་ཚོགས་པ་གཉིས་ཐུན་མོང་མཚོན་པའི་ཊོམ་ལེན་ཊོ་སི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནང་བོད་གྱི་གནད་དོན་ཉན་ཞིབ་དང་། ཨ་རིའི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་མཇལ་འཕྲད་སོགས་ཀྱི་སྐབས། བོད་ནང་གི་གནས་སྟངས་སྤྱི་དང་། ལྷག་པར་ཁོང་རང་ཉིད་རྒྱ་ནག་གི་བཙོན་ཁང་དུ་བཅུག་པའི་སྐབས་ཀྱི་དངོས་ཡོད་གནས་ཚུལ་ཞིབ་ཕྲ་འགྲེལ་བརྗོད་བྱ་རྒྱུ་ཡིན་པའི་སྐོར་གསུངས་ཡོད་པ་རེད་།
དོན་གྲུབ་དབང་ཆེན་ལགས་རྒྱ་ནག་གཞུང་གིས་ལོ་དྲུག་གི་བཙོན་འཇུག་བྱས་ཏེ་༢༠༡༤ ལོར་གློད་བགྲོལ་ཐོབ་པའི་རྗེས་ཐབས་ལམ་འདྲ་མིན་བརྒྱུད་མཐར་༢༠༡༧ ལོའི་ཕྱི་ཟླ་༡༢ པའི་ཚེས་༢༥ ཉིན་ཨ་རིའི་ས་གནས་San Francisco ནང་དུ་ཁོང་གི་བཟའ་ཟླ་དང་བུ་ཕྲུག་ཚོ་དང་མཉམ་འཛོམས་བྱུང་བ་རེད།

གསར་འགོད་པ་ལྕགས་མོ་འཚོ་དང་། ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎