བལ་ཡུལ་རྒྱལ་པོ་མ་འོངས་མི་སེར་དཀྱུས་མར་འགྱུར་རྒྱུ།
2008.06.02
༄༅༎བལ་ཡུལ་གྱི་རྒྱལ་པོ་གྱ་ནེན་རྡར་མཆོག་རང་གི་རྒྱལ་ཁང་ཎ་ར་ཡན་ཧི་ཏི་ནས་ཟླ་བ་འདིའི་ཕྱི་ཚེས་༡༢ ཀྱི་ནང་ཚུད་ཕྱིར་ཐོན་གྱིས་ རང་ཉིད་མི་སེར་དཀྱུས་མ་ཞིག་གི་མི་ཚེ་སྐྱེལ་རྒྱུར་དང་ལེན་གནང་ཡོད་སྐོར་ བལ་ཡུལ་གྱི་ནང་སྲིད་བློན་ཆེན་ ཀིརིཤ་ན་པཱར་སའརྡེ་ སི་ཊོ་ལཱ་ ཡིས་དེ་རིང་གསར་འགོད་ལྷན་ཚོགས་ལ་གསལ་བསྒྲགས་གནང་ཡོད་པ་རེད་
ད་རེས་བལ་ཡུལ་ནང་ཁྲིམས་བཟོ་ལྷན་ཚོགས་ཀྱི་འོས་བསྡུའི་རྗེས་ མའོ་དམར་པོའི་ཤོག་ཁག་ལ་མང་མོས་འོས་ཐོབ་བྱུང་བའི་ཤུགས་རྐྱེན་གྱི་འོག་ ཁྲིམས་བཟོ་ལྷན་ཚོགས་ཀྱི་འཐུས་མི་མང་མོས་ཐོག་ནས་ བལ་ཡུལ་གྱི་ལོ་ངོ་ ༢༤༠ འི་ལོ་རྒྱུས་ལྡན་པའི་རྒྱལ་པོའི་རིང་ལུགས་དེ་མེད་པ་བཟོས་ཏེ་ བལ་ཡུལ་དེ་བཞིན་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོ་བོར་འགྱུར་བའི་གསལ་བསྒྲགས་དང་འབྲེལ་ བལ་ཡུལ་ནང་རྒྱལ་པོའི་གནས་བབ་ཆ་ཚད་མེད་པ་བཟོས་ཡོད་པ་ལྟར་ ད་ལྟའི་རྒྱལ་པོ་མཆོག་ལ་ཉིན་གྲངས་བཅོ་ལྔའི་ནང་ཚུད་ རྒྱལ་ཁང་ནས་ཕྱིར་ཐོན་གྱིས་ མི་མང་དཀྱུས་མ་ཞིག་གི་མི་ཚེ་སྐྱེལ་དགོས་པ་བཟོས་ཡོད་པ་རེད་ བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྱི་གཙོས་ གཞུང་འབྲེལ་དཔོན་རོགས་ཁག་ཅིག་ནས་ གོང་ཞུས་གནད་དོན་དང་འབྲེལ་ རྒྱལ་པོ་མཆོག་དང་མཇལ་འཕྲད་གནང་ཡོད་པར་ ནང་སྲིད་བློན་ཆེན་མཆོག་གིས་ རྒྱལ་པོ་མཆོག་ལ་ཁྲིམས་བཟོ་ལྷན་ཚོགས་ཀྱི་ཐག་གཅོད་ལྟར་ རང་གི་རྒྱལ་ཁང་ནས་ཕྱིར་ཐོན་གྱིས་ མི་མང་དཀྱུས་མ་ཞིག་གི་མི་ཚེ་སྐྱེལ་རྒྱུར་དགག་པ་གང་ཡང་གནང་གི་མི་འདུག་ཅེས་དང་ རྒྱལ་པོ་མཆོག་བཞུགས་ཡུལ་སྤོ་སྐབས་ བཞུག་གནས་གསར་པ་དེར་ཁྲིམས་བཟོ་ལྷན་ཚོགས་ཀྱི་དགོངས་དོན་སྲུང་བྱ་གོ་སྒྲིག་ཞུ་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད་ བལ་ཡུལ་གྱི་རྒྱལ་པོ་མཆོག་ ཁོང་དེ་སྔ་རྒྱལ་པོའི་ཁྲི་ཐོག་མ་ཕེབས་གོང་ རང་གི་བཞུགས་གནས་གཟིམ་ཤག་ལ་ཕྱིར་ལོག་གནང་གི་ཡོད་འདུག