རྒྱ་གར་གྱི་རྒྱལ་སར་ཕག་པའི་རིམས་ནད་འགོས་པ་༢༢༣།
2009.12.06
༄༅༎རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་དུ་ཟླ་བ་འདིའི་ཕྱི་ཚེས་ལྔ་བར་དུ་H1N1ཕག་པའི་རིམས་ནད་འགོས་ཁྱབ་ཟིན་པའི་ནད་པ་༢༢༣བྱུང་ཡོད་པ་དང། ཉེ་ཆར་བསྐྱར་དུ་ནད་པ་གཅིག་འདས་གྲོངས་སུ་ཕྱིན་ཡོད་པར་བརྟེན་ཕག་པའི་རིམས་ནད་དེ་ནི་རྒྱལ་ས་ལྡི་ལིའི་ནང་ཁྱབ་སྤེལ་ཕྱིན་པའི་གནས་ཚུལ་ཐོན་པ་ནས་བཟུང་དེ་ཉིན་ནད་པའི་གྲངས་ཀ་མང་ཤོས་བྱུང་ཡོད་པ་རེད།
རྒྱ་གར་གྱི་འགོས་ནད་དེའི་ཐད་ཀྱི་མཁས་དབང་སྨན་པས། ཕག་པའི་རིམས་ནད་འགོས་ཁྱབ་ཟིན་པའི་ནད་པ་དང་འབྲེལ་གཏུགས་བྱེད་མཁན་གང་ཞིག་དང། ཡང་ན་རིམས་ནད་དེའི་ནད་རྟགས་ཡོད་པའི་ནད་པ་ཚོར་སྨན་བཅོས་ཆ་ཚང་བ་བྱེད་དགོས་པའི་ལམ་སྟོན་བྱེད་པ་དང། རྒྱལ་ས་ལྡི་ལིའི་ནང་དུ་ད་རེས་ཕག་པའི་རིམས་ནད་འགོས་ཁྱབ་ཟིན་པའི་ནད་པ་༢༢༣ བྱུང་བའི་ནང་ནས་ནད་པ་༡༣༡ ནི་ཕྲུ་གུ་ཡིན་ཞིང། དེ་ཡང་རྒྱ་གར་གྱི་ཞིབ་འཇུག་སྨན་ཁང་གི་སྨན་པ་ལྦི་ཨེམ་ཀ་ཏོཆ་ཡིས་གསུང་ན། སློབ་གྲ་ཆུང་བ་དང། མཐོ་རིམ་སློབ་གྲ། ཡང་ན་སློབ་གཉེར་ཁང་གང་རུང་ནང་བརྟག་དཔྱད་བྱས་ཏེ་སློབ་ཕྲུག་གང་རུང་ཞིག་ལ་རིམས་ནད་དེ་འགོས་ཟིན་པའི་གཏན་འཁེལ་བྱུང་མཚམས། ཕག་པའི་རིམས་ནད་དེའི་ནད་རྟགས་ཡོད་པའི་སློབ་ཕྲུག་ཚང་མར་རེ་རེ་བཞིན་བརྟག་དཔྱད་བྱ་མི་དགོས་པར་ཚང་མར་ཕག་པའི་རིམས་ནད་ཀྱི་སྨན་ཊེ་མི་ཕུ་ལུ་མཁོ་སྤྲོད་ཀྱི་ཡོད་པའི་སྐོར་དང། གལ་ཏེ་ཡང་ཁག་ཅིག་ལ་བརྟག་དཔྱད་བྱས་ཏེ་རིམས་ནད་དེ་ཡིན་པ་ངེས་གཏན་བྱུང་བའི་རྗེས་སྨན་བཅོས་ཆ་ཚང་བ་བྱེད་པའི་ཐབས་ལམ་དེ་ནི་ཕག་པའི་རིམས་ནད་དེར་གདོང་ལེན་བྱ་རྒྱུའི་ཐབས་ཤེས་ཡག་ཤོས་ཞིག་ཡིན་པ་གསུང་ཡོད་པ་རེད། རྒྱ་གར་གཞུང་གི་འཕྲོད་བསྟེན་ལྷན་ཁང་གིས། མི་དམངས་ཁྲོད་དུ་ཕག་པའི་རིམས་ནད་དེའི་སྐོར་གྱི་ཤེས་བྱ་གོ་རྟོགས་སྤེལ་བ་དང། མི་དམངས་ཚོར་སྨན་ཁང་དུ་བརྟག་དཔྱད་བྱེད་པའི་མཐུན་འགྱུར་མཁོ་སྤྲོད་གནང་བཞིན་ཡོད་པར་བརྟེན། ད་ཆ་མི་དམངས་ཁྲོད་དུ་རིམ་པས་རིམས་ནད་དེའི་སྐོར་ཤེས་རྟོགས་ཐུབ་ཏེ། རྒྱལ་ས་ལྡི་ལིའི་ནང་དུ་སྒེར་གྱི་སྨན་ཁང་ལྔའི་ནང་མི་དམངས་ལ་རིམས་ནད་དེ་འགོས་ཁྱབ་བྱུང་ཡོད་མེད་བརྟག་དཔྱད་བྱེད་ཀྱི་ཡོད་པ་བཞིན་མི་མང་པོ་ཞིག་རང་འགུལ་གྱིས་སྨན་ཁང་དུ་བརྟག་དཔྱད་བྱེད་དུ་ཡོང་གི་ཡོད་པའི་སྐོར་གསུང་ཡོད་ཅིང། ཡིན་ནའང་རེས་གཟའ་པ་སངས་ཀྱི་དགོང་དྲོ་ལྡི་ལིའི་སཱཕ་རྡར་ཇང་ཟེར་བའི་སྨན་ཁང་དུ་ལོ་ན་༣༧ ཡིན་པའི་སྐྱེས་པ་ཞིག་ཕག་པའི་རིམས་ནད་དེས་རྐྱེན་བྱས་ཏེ་འདས་གྲོངས་སུ་ཕྱིན་ཏེ་རེས་གཟའ་ཉི་མ་བར་དུ་རྒྱལ་ས་ལྡི་ལི་ཁོ་ནའི་ནང་ཕག་པའི་རིམས་ནད་དེའི་འོག་ཁྱོན་ནད་པ་༢༩རྐྱེན་ལམ་དུ་ཕྱིན་ཡོད་པ་རེད།