ཀུན་ཕན་བགྲོ་གླེང་།
2013.08.15

༄༅། །དེ་རིང་ཕྱི་ཚེས་༡༥ཉིན། མདོ་ཁམས་རག་ཤུལ་སྟོད་ལ་རྟེན་གཞི་བྱེད་པའི་དཔལ་ལྡན་དྷི་འབྲུག་བསམ་གཏན་ཆོས་གླིང་དུ། གཉན་རྒྱལ་མཚོ་མོའི་དམངས་སེམས་ཡར་བསྐུལ་ཀུན་ཕན་བགྲོ་གླེང་ཆེན་མོ། ཞེས་པ་ཐེངས་གཉིས་པའི་བགྲོ་གླེང་གནང་ཡོད་པ་རེད། སྤྱིར་བགྲོ་གླེང་འདི་ནི་གཙོ་བོ་རག་ཤུལ་སྟོད་ཀྱི་དགོན་སྡེ་ཨ་ཁྲ་འབྲུག་གསུམ་ནས་བོད་རིགས་རྣམས་ལ་རང་རེའི་ཕ་མེས་ཀྱི་ལྷ་ཆོས། སྐད་དང་ཡི་གེ ཡུལ་སྲོལ་གོམས་གཤིས། བསམ་པའི་དཔལ་ཡོན། ཞི་བདེ་དང་། ཆིག་སྒྲིལ། འཕྲོད་བསྟེན་སོགས་དུས་རབས་འདིར་དགོས་ངེས་ཀྱི་སློབ་གསོ་དང་ཤེས་བྱ་རྣམས་ཆེད་བསྒྲགས་ཀྱིས་མི་མང་ཀྱི་བསམ་པའི་དཔལ་ཡོན་གོང་འཕེལ་ཡོང་ཐབས་ཀྱི་ཆེད་དུ་ཡིན་འདུག བགྲོ་གླེང་ཐེངས་དང་པོ་དེ། རག་ཤུལ་སྟོད་ཀྱི་དགོན་པ་དཔལ་ས་སྐྱའི་ཁྲ་རིགས་དགོན་དུ་ན་ནིང་ཟླ་བརྒྱད་པའི་ནང་གནང་ཡོད་པ་ལྟར། རྒྱ་ཆེ་བའི་ས་གནས་མི་མང་གིས་དགའ་བསུ་དང་བསྔགས་བརྗོད་ཐོབ་ཡོད་པ་རེད། ད་ཐེངས་ཀྱི་བགྲོ་གླེང་གོ་སྒྲིག་གཙོ་བོ་གནང་མཁན་དེ་དཔལ་ལྡན་དྷི་འབྲུག བསམ་གཏན་གླིང་གིས་གནང་ཡོད་པ་དང་། སྐུ་མགྲོན་གྱི་གཙོ་བོ་ནི་སྨུག་པོ་ལྡོང་གི་གདུང་རྒྱུད། རག་ཤུལ་དཔོན་གྱི་གདུང་སྲས། རྭ་སྒྲེང་རིན་པོ་ཆེ་དང་། ལྷ་བཙན་པོའི་གདུང་རྒྱུད་དུ་གྲགས་པའི་སྤྲུལ་སྐུ་འཇམ་སེང་རིན་པོ་ཆེ་མཆོག་དང་། གཞན་ཡང་དྷི་འབྲུག་བསམ་གཏན་གླིང་གི་མཁན་བླ་རྣམས་ཀྱིས་གཙོས་པའི་རག་ཤུལ་སྟོད་ ཀྱི་ཨ་ཁྲ་འབྲུག་གསུམ་དང་། རག་ཤུལ་སྨད་ཀྱི་རྡོ་དད་གནས་གསུམ་གྱིས་གཙོས་པའི་རག་ཤུལ་ཡུལ་གྱི་ཆོས་ལུགས་རིས་མེད་ཀྱི་དགོན་ཁག་ཕལ་མོ་ཆེའི་བླ་ཆེན་མི་ཆེན་རྣམས་དང་། ཕྱོགས་གཞན་ནས་སྐུ་མགྲོན་གཙོ་བོ་རྫ་སེར་ཤུལ་ཁྲི་པ་རིན་པོ་ཆེ་མཆོག་དང་། བོད་ཕྱི་ཕྱོགས་ནས་འབྲུག་པ་ཆོས་མགོན་རིན་པོ་ཆེ་ཕེབས་རྒྱུ་ཡིན་པ་དང་། གཞན་ཡང་གསེར་རྟ་དང་། ཡ་ཆེན་ཆོས་སྒར་སོགས་ནས་མཁན་སྤྲུལ་སྐོར་ཞིག་དང་། ཉེ་འཁོར་སྐྱ་སེར་རིས་སུ་མ་ཆད་པའི་མཁས་པ་དང་། བསམ་བློ་བ། ཁོར་ཡུག་སྲུང་སྐྱོབ་པ། དང་བླངས་ཞབས་ཞུ་པ་སོགས་དམིགས་བསལ་གྱི་མི་སྣ་མང་པོ་གདན་ཞུས་དང་མཉམ་ཞུགས་གནང་ཡོད་པ་རེད། ནམ་རྒྱུན་དང་མི་འདྲ་བ་མི་མང་རྣམས་ཀྱང་དབང་དང་བྱབས་ཁྲུས་མེད་ན་མི་ཡོང་བའི་བསམ་བློ་དེ་ཉིད་རིམ་གྱིས་དོར་ནས་ཉེ་འཁོར་གྱི་ཞིང་འབྲོག་མང་ཚོགས་ཀྱང་མང་ཙམ་འདུས་ཡོད་འདུག དེ་ལྟར་བགྲོ་གླེང་དང་གཏམ་བཤད་ཉིན་གྲངས་གསུམ་ཡོད་འདུག
ཟུར་དུ། རག་ཤུལ་བ་ཕུན་ཚོགས་རྣམ་རྒྱལ་གྱིས་གཙོ་སྐྱོང་བྱས་པའི། གངས་ལྗོངས་སྦྲ་ནག་གཅེས་སྐྱོང་ཚོགས་པ། ཟེར་བས་ཉམས་རྒུད་དུ་འགྲོ་བཞིན་པའི་བོད་ཀྱི་སྲོལ་རྒྱུན་གྱི་འཚོ་བ་སྤྱོད་སྟངས་དེ་དག་མི་ཉམས་རྒྱུན་འཛིན་དང་། ཉམས་པ་སླར་གསོ་ལ་དམིགས་ཏེ། སྦྲ་ཕུབ། དར་ལྕོག་བཏགས། ཁྱི་བསྐོར། ཡ་བརྩིགས། ཡོས་བརྔོས། ཐགས་དྲེན། མར་དཀྲོགས་པ་སོགས་བྱས་ནས་གནའ་བོའི་བོད་ཀྱི་སྲོལ་རྒྱུན་གྱི་འཚོ་བ་དེ་དག་དངོས་སུ་ལག་པས་བཟུང་དུ་ཡོད་པའི་འགྲེམས་སྟོན་ཞིག་གསར་གཏོད་དང་། བགྲོ་གླེང་གི་མཛད་སྒོ་འདི་ལ་ཁ་སྣོན་བྱས་ཡོད་འདུག །