རྒྱལ་ཁབ་ཀྱི་མི་མང་ཚོའི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་ཉེན་ཁ།
2009.02.28
༄༅༎རྒྱལ་ཁབ་ཁག་གི་གསང་བའི་ལས་ཁུངས་ཀྱིས་བཀག་འདོམས་དང་དོ་དམ་རྩ་བ་ནས་མེད་པར་རྒྱལ་ཁབ་ཀྱི་མི་མང་ཚོའི་སྒེར་གྱི་གནས་ཚུལ་དང་ལོ་རྒྱུས་བསྡུ་ལེན་བྱེད་པ་ནི་མི་མང་ཚོའི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཉེན་ཁའི་འོག་ཏུ་འཇུག་རྒྱུའི་ཉེན་ཁ་རེད་ཅེས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མཁས་དབང་ཞིག་གིས་སྙན་ཐོ་ཞིག་འགྲེམས་སྤེལ་གནང་ཡོད་པ་རེད།
དེ་ཡང་ཡོངས་ཁྱབ་དྲིལ་བསྒྲགས་དང་འགྲེམས་སྤེལ་མ་བྱས་གོང་ལ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་སྤྱན་འབུལ་ཞུས་པའི་སྙན་ཐོ་དེའི་ནང་རྒྱལ་ཁབ་ཁག་གི་གསང་བའི་ལས་ཁུངས་ཀྱིས་དོ་དམ་རྩ་བ་ནས་མེད་པར་མི་མང་གི་ཞིབ་ཕྲའི་ལོ་རྒྱུས་བསྡུ་ལེན་བྱེད་པའི་སྲིད་བྱུས་དེ་ཡིས་དོགས་གཞི་ཅན་གྱི་གང་ཟང་གང་རུང་ཞིག་གི་ལོ་རྒྱུས་ལ་དམིགས་སུ་བཀར་ནས་ཞིབ་འཇུག་བྱེད་པ་དང་མི་མང་ཡོངས་རྫོགས་ཀྱི་སྒེར་སོ་སོའི་ལོ་རྒྱུས་དང་རྣམ་ཀུན་གྱི་བྱ་གཞག་ཐོག་ལ་མྱུལ་ཞིབ་བྱེད་པའི་ལས་དོན་དེ་གཉིས་དབར་གྱི་ས་མཚམས་གསལ་ལ་མ་གསལ་ཆགས་ཀྱི་ཡོག་རེད་ཅེས་དགོངས་ཚུལ་བཏོན་ཡོད་པ་རེད། དམིགས་ཡུལ་ངེས་ཅན་ཞིག་གི་ཆེད་དུ་མི་མང་ཚོའི་གནས་ཚུལ་བསྡུ་ལེན་བྱ་རྒྱུ་ལས་ཕྱིས་སུ་ཕན་ཐོགས་ཆེན་པོ་ཡང་བའི་རེ་བ་སྔོན་བསུ་བྱས་ཏེ་མི་མང་སྒེར་གྱི་གནས་ཚུལ་དགོས་ངེས་བཞིན་པ་ལས་ལྷག་པ་བསྡུ་ལེན་བྱས་པ་ཡིན་ན་མི་མང་ཚོའི་སྒེར་གྱི་གསང་བའི་གནས་ཚུལ་ཕྱིར་ཁྱབ་སྟེ་རིམ་པས་གནོད་འཚེ་སྐྱེལ་བ་དང་བཟང་ཞན་དང་བདེན་རྫུན་དབྱེ་འབྱེད་མི་ཐུབ་པའི་གནས་ཚུལ་ཆགས་སྲིད་པ་རེད་ཅེས་འགྲོ་བ་མིའི་ཐོབ་ཐང་ཐད་ལ་མཁས་དབང་ཅན་མའར་ཊིན་ཤ་ཡེན་གྱིས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་གནས་འཕྲིན་དྲ་རྒྱའི་ཐོག་ལ་ཁད་ཉིན་གཟའ་པ་སངས་ཉིན་ཉེན་བརྡ་བཏང་ཡོད་པ་རེད༎