༧གོང་ས་མཆོག་དང་ཆོས་དཔོན་ཊུ་ཊུ་ཡོད་པའི་ཚོན་བྲིས་རི་མོ་ཞིག་ལ་ཚོད་དཔག་ལས་བརྒལ་བའི་རིན་གོང་རག་འདུག

ཡེ་ཤུ་ཆོས་དཔོན་ཌེསྀ་མོནཌ་ཊུ་ཊུ་(Desmond Tutu)་མཆོག་ད་ལོ་སྤྱི་ཟླ་༡༠་པའི་ཚེས་༧་ཉིན་དགུང་གྲངས་༩༠་སོན་གྱི་ཡོད་པ་དང་། ཁོང་གི་འཁྲུངས་སྐར་སླེབས་ལ་ཉེ་བ་དང་བསྟུན་ཊུ་ཊུ་(Tutu)་ཐེབས་རྩ་ཁང་གིས་མ་དངུལ་བསྡུ་འགོད་དང་སྦྲགས་ཅ་དངོས་འགའ་ཤས་ཚོང་བསྒྱུར་བྱས་པའི་སྐབས། ཊུ་ཊུ་རང་ཉིད་ཀྱིས་རྩོམ་བྲིས་གནང་བ་དང་ཁོང་གི་མཚན་རྟགས་འཁོད་ཡོད་པའི་དཔེ་དེབ་གཅིག་དང་། ཡང་ཁོང་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་ལྷན་དུ་ཡོད་པའི་ཚོན་བྲིས་རི་མོ་ཞིག་ཡོད་པ་དེ་གཉིས་ལ་ཚོད་དཔག་ལས་བརྒལ་བའི་རིན་གོང་མཐོ་པོ་སྤྲད་མཁན་བྱུང་འདུག
ད་དུང་ཊུ་ཊུ་ཐེབས་རྩ་ཁང་གིས་གནས་ཚུལ་ཕྱི་བསྒྲགས་བྱས་བའི་ནང་། ལྷོ་ཨ་ཧྥི་རི་ཀའི་རི་མོ་སྒྱུ་རྩལ་བ་(Charles Foley)་ལགས་ཀྱིས་དེ་སྔ་༢༠༡༥་ལོར་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་ཡེ་ཤུ་ཆོས་དཔོན་ཊུ་ཊུ་རྣམ་གཉིས་རྒྱ་གར་ནང་མཇལ་འཕྲད་གནང་བའི་ཚོན་བྲིས་རི་མོ་དེར་ཚོད་དཔག་ལས་བརྒལ་བའི་རིན་གོང་མཐོ་པོ་རག་པར་བརྟེན་རིན་སྤར་ཚོང་བསྒྱུར་གནང་ཚུལ་གསལ་འདུག་ཀྱང་རིན་གོང་ག་ཚོད་རག་ཡོད་མེད་གསལ་བོ་བཤད་མེད་པ་རེད། ཡིན་ན་ཡང་ད་རེས་ཊུ་ཊུ་ཐེབས་རྩ་ཁང་གི་རིན་བསྡུར་ཚོང་བསྒྱུར་གྱི་མ་དངུལ་བསྡུ་འགོད་ཁྲོད་ཁྱོན་ཡོང་འབབ་ཨ་སྒོར་འབུམ་གཉིས་དང་སུམ་ཁྲི་བདུན་སྟོང་བྱུང་ཡོད་འདུག
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།