༧གོང་ས་མཆོག་གིས་ལྡི་ལིར་མང་ཚོགས་ལ་བཀའ་སློབ་གནང་རྒྱུ་རེད།
2017.01.30
རིང་མིན་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མང་ཚོགས་ལ་བཀའ་སློབ་གནང་འཆར་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རིང་མིན་ཕྱི་ཟླ་གཉིས་པའི་ཟླ་སྟོད་ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་མང་ཚོགས་ལ་བཀའ་སློབ་གསུང་བཤད་སྩལ་རྒྱུའི་མཛད་འཆར་འདུག
དེ་ཡང་དགའ་ལྡན་ཕོ་བྲང་ཡིག་ཚང་གི་མཛད་འཆར་སྤེལ་བ་ལྟར་ན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རིང་མིན་ཕྱི་ཟླ་༢་ཚེས་༥་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་Vidyaloke་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་Talkotora Stadium་ཞེས་པའི་རྩེད་ཁང་ཆེན་མོའི་ནང་། དེང་དུས་ཀྱི་རྒྱ་གར་ནང་གནའ་སྔ་མོའི་རྒྱ་གར་གྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ཤེས་བྱ་སླར་གསོ་ཡོང་ཐབས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་འཆར་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་སྤྱི་དང་། ལྷག་པར་དུ་རྒྱ་གར་དེ་བཞིན་ཆོས་ལུགས་དང་གོམས་སྲོལ་མི་འདྲ་བ་མང་པོ་ཡོད་པའི་རྒྱལ་ཁབ་ཤིན་ཏུ་རྒྱ་ཆེན་པོ་ཞིག་ཡིན་ན་ཡང་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ཞི་བདེ་མཉམ་གནས་ཐུབ་པ་བྱུང་ཡོད་པར་བསྡགས་བརྗོད་དང་འབྲེལ་གོམས་སྲོལ་བཟང་པོ་དེ་དག་འཛམ་གླིང་སྤྱིར་མིག་དཔེ་འོས་པ་ཞིག་ཡིན་སྟབས། དེས་རྒྱལ་སྤྱིའི་ཐོག་ཞབས་འདེགས་འགྲུབ་ཐུབ་རྒྱུ་ཡིན་སྐོར་བཀའ་གནང་གི་ཡོད་པ་ལྟར། རྒྱ་གར་སྤྱི་ཚོགས་ངོས་ནས་ཀྱང་དེ་ངོས་འཛིན་ཞུ་ཐུབ་ནས་འདས་པའི་ལོ་ཤས་ནས་བཟུང་། ༧གོང་ས་མཆོག་རྒྱ་གར་གྱི་མཐོ་རིམ་གཙུག་ལག་སློབ་གྲ་ཆེན་མོ་ཁག་དང་། མཁས་པའི་ལྷན་ཚོགས། དེ་བཞིན་མང་ཚོགས་ལ་ལམ་སྟོན་བཀའ་སློབ་གསུང་བཤད་གནང་སྐྱོང་ཡོང་བའི་གནས་ཞུ་ཕུལ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།
དཔེར་ན། འདས་ལོའི་ཕྱི་ཟླ་༡༢་པའི་ནང་རྒྱ་གར་གྱི་སྲིད་འཛིན་ཕོ་བྲང་Rashtrapati་Bhavan་ནང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་Kailash་Sathyatri་མཆོག་ནས་གོ་སྒྲིག་གནང་བའི་བྱིས་པའི་ལྷན་ཚོགས་ཐོག་༧གོང་ས་མཆོག་ལ་གདན་འདྲེན་ཞུས་ནས་གསུང་བཤད་གནང་པ་དང་། དམིགས་བསལ་སྲིད་འཛིན་Pranab་Mukerjee་མཆོག་དང་མཇལ་འཕྲད་གནང་ཡོད་པ་རེད།
ཡང་མཛད་འཆར་གཞིར་བཟུང་ལྟར་ན་ཕྱི་ཟླ་གསུམ་པའི་ཚེས་༡༢་ཉིན་ཆོ་འཕྲུལ་ཟླ་བའི་དུས་ཚིགས་དང་བསྟུན་ནས་བཞུགས་སྒར་རྡ་རམ་ས་ལར་ཆོས་འབྲེལ་གནང་འཆར་ཡོད་འདུག
ཕྱི་ལོ་༢༠༡༧་ལོའི་ཚེས་ཤར་ལ་ནང་པའི་གནས་མཆོག་རྡོ་རྗེ་གདན་ལ་རྒྱལ་ཁབ་༩༠་ཙམ་ནས་ཆེད་བཅར་ཞུས་པའི་དད་ལྡན་ཆོས་ཞུ་བ་འབུམ་གཉིས་ལྷག་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༤་པ་དེ་སྩལ་ཡོད་པ་རེད།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།