༧གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་གཙོ་ཟུར་པ་སྐུ་ཞབས་བྷོབ་དྷོལ་ལགས་སྐུ་གཤེགས་པར་ཐུགས་གསོ་མཛད།

ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་གཙོ་ཟུར་བ་སྐུ་ཞབས་བྷོབ་དྷོལ་ལགས་སྐུ་གཤེགས་པར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དམ་པ་ཁོང་ནི་བྱམས་བརྩེ་ལྡན་པ་ཞིག་ཡིན་ཞེས་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག
དེ་ཡང་ཕྱི་ཟླ་༡༢་བའི་ཚེས་༥་ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་གཙོ་ཟུར་བ་དང་ཨ་རིའི་སྲིད་འཛིན་འོས་འདེམས་ཁྲོད་ཞུགས་མྱོང་མཁན། སྐུ་ཞབས་བྷོབདྷོལ(Bob Dole)་ལགས་དགུང་ལོ་༩༨་ཐོག་སྐུ་གཤེགས་པར། བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དམ་པ་དེའི་སྐུ་ཟླའི་མཚན་ཐོག་ཐུགས་གསོའི་གསུང་འཕྲིན་བསྩལ་ནས། དམ་པ་ཁོང་ནི་ངོས་ཀྱི་ངོ་ཤེས་ཡག་པོ་ཞིག་དང་བོད་མི་ཚོའི་གྲོགས་པོ་ཞིག་ཡིན། སྐུ་ཞབས་བྷོབ་དྷོལ་ལགས། ཨ་རིའི་གྲོས་ཚོགས་འཐུས་མི་ཚོའི་ཁྲོད་ནས་ངོས་དང་རྒྱུས་མངའ་ཡག་པོ་ཡོད་མཁན་ཞིག་དང་། ངོས་རང་རྒྱུན་ཏུ་ཁོང་དང་ཐུག་འཕྲད་སྐབས་ཁོང་ནི་མི་བྱམས་བརྩེ་ཅན་ཞིག་དང་། ནམ་རྒྱུན་མི་ཉམ་ཆུང་འཁོས་ཞན་རིགས་དང་། ལྷག་པར་དུ་བོད་པ་ཚོ་ལྟ་བུ་རང་གི་རིག་གཞུང་སྲུང་སྐྱོབ་དང་རང་དབང་འཐབ་རྩོད་གནང་མཁན་ཚོར་རོགས་སྐྱོར་གནང་མཁན་ཞིག་ཡིན་པ་དང་། མི་ཚེ་དོན་དང་ལྡན་པ་སྐྱེལ་གནང་མཁན་ཞིག་ཡིན། ཁོང་ནས་མི་ལོ་བཅུ་ཕྲག་ཁ་ཤས་རིང་སྤྱི་བའི་ལས་དོན་ཐད་ཞབས་འདེགས་ཞུས་གནང་ཡོད་པ་རེད་ལ། ཁོང་ནི་ནམ་རྒྱུན་ངོས་ཀྱིས་གུས་བཀུར་ཆེན་པོ་བྱེད་སའི་ཨ་རིའི་རང་དབང་དང་འདྲ་མཉམ་སོགས་རིན་ཐང་ལྟ་བ་ཁག་གི་མཚོན་དོན་ཡག་ཤོས་ཤིག་ཡིན་པ་དང་། ཁོང་གིས་ད་དུང་ལས་གྲོགས་རྣམ་ལ་ཕན་ཚུན་བསམ་ཚུལ་མི་མཐུན་པ་ཡོད་ན་ཡང་། སྔར་བཞིན་འགྲོ་བ་མི་ཞིག་ཡིན་པའི་ངོས་ནས་ཕན་ཚུན་གུས་བརྩི་དགོས་པའི་དཔེ་མཚོན་སྟོན་བཞིན་ཡོད་པ་སོགས་གསུང་འདུག
དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ཀྱིས་གསུངས་ན། སྐུ་ཞབས་བྷོབ་དྷོལ་ལགས་དང་༧གོང་ས་མཆོག་གི་འབྲེལ་བ་དེ་དུས་ཡུན་རིང་པོ་ནས་བྱུང་བ་ཞིག་དང་། ཁོང་ཉིད་༧གོང་ས་མཆོག་དང་སྔ་རྗེས་ཐེངས་མང་ལ་མཇལ་འཕྲད་གནང་ཡོད། སྐུ་ཞབས་བྷོབ་དྷོལ་ལགས་ལ་མཚོན་ན་བོད་དོན་ཐད་གྲོས་ཚོགས་ཀྱི་ཚོགས་གཙོ་ཡིན་སྐབས་དང་། རྗེས་སུ་རྒས་ཡོལ་བྱས་རྗེས་༧གོང་ས་མཆོག་དང་མཇལ་འཕྲད་ཀྱིས་བོད་དོན་སྐོར་ལ་ཡུན་རིང་ཐུགས་ཁུར་གནང་མཁན་ཞིག་ཆགས་ཡོད་པ་གསུང་བྱུང་།
སྐུ་ཞབས་བྷོབ་དྷོལ་ལགས། ཕྱི་ལོ་༡༩༢༣་ནང་(Russell)་གྲོང་ཁྱེར་ནང་སྐྱེས་ཤིང་། ཕྱི་ལོ་༡༩༤༢་ལོར་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཨ་རིའི་དམག་གི་ནང་ཞུགས་གནང་ཡོད་པ་དང་། ཕྱི་ལོ་༡༩༦༨་ནས་ཨ་རིའི་གྲོས་ཚོགས་གོང་མ་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བྱས་མྱོང་ཡོད་པ་དང་། ཕྱི་ལོ་༡༩༩༦་ལོར་ཨ་རིའི་སྲིད་འཛིན་འོས་མིར་ཞུགས་ཡོད་པ་མ་ཟད། ཕྱི་ལོ་༡༩༩༧་ལོར་ཨ་རིའི་སྲིད་འཛིན་མཚན་ཐོག་གི་རང་དབང་གཟེངས་རྟགས་ཐོབ་ཡོད་པ་དང་། ཁོང་གིས་བོད་དོན་སྐོར་ལ་ཡུན་རིང་རྒྱབ་སྐྱོར་གནང་ཡོད་པ་མ་ཟད། ཕྱི་ལོ་༡༩༩༡་ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཕེབས་པ་དང་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་སྐབས། སྐུ་ཞབས་བྷོབ་དྷོལ་ལགས་ནས་༧གོང་ས་མཆོག་དང་བོད་མི་མང་གིས་རང་དབང་འཐབ་རྩོད་ཆེད་མདུན་སྐྱོད་བྱེད་བཞིན་ཡོད་པས། ང་ཚོས་ཁོང་རྣམ་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ་རྒྱ་ནག་གཞུང་གིས་བརྡ་ལན་དེ་གོ་ཐུབ་པའི་རེ་བ་ཡོད་ཅེས་སོགས་གསུང་མྱོང་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།