ལ་དྭགས་ལ་ཆུའི་དཀའ་ངལ་འཕྲད་སྲིད་ན་ད་ལྟ་ནས་ཤིང་སྣ་འདེབས་འཛུགས་བྱོས། ༧གོང་ས་མཆོག་གིས།


2018.07.25
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལ་དྭགས་ཟངས་དཀར་དུ། ༢༠༡༨།༧།༢༤ བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལ་དྭགས་ཟངས་དཀར་དུ། ༢༠༡༨།༧།༢༤
OHHDL

ལ་དྭགས་ཀྱི་ས་ཁུལ་མང་པོར་མ་འོངས་བར་ཆུའི་དཀའ་ངལ་འཕྲད་སྲིད་པས་ད་ལྟ་ནས་ཤིང་སྣ་འདེབས་འཛུགས་གལ་ཆེ་བ་༧གོང་ས་མཆོག་གིས་བཀའ་གནང་འདུག
དེ་ཡང་འདི་ཚེས་ ༢༤རེས་གཟའ་མིག་དམར་ཉིན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཟངས་དཀར་འཕྲོད་བསྟེན་སྨན་ཁང་དང་གསོ་རིག་ཉམས་ཞིབ་ཁང་དུ་ཆིབས་བསྒྱུར་སྐབས། སྨན་ཁང་དང་གསོ་རིག་ཉམས་ཞིབ་ཁང་གི་འགན་འཛིན་བླ་མ་ཆོས་འཕེལ་བཟོད་པ་ལཊ་ཀྱི་ངོ་སྤྲོད་གསུང་བཤད་གནང་ནང་། ལོ་ཤས་གོང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཁུལ་འདིར་ཆིབས་སྒྱུར་བཀའ་དྲིན་སྐྱོང་སྐབས་ཆོས་དང་རིག་གཞུང་ཤེས་ཡོན་ཁོར་ཡུག་དང་བཅས་པ་ཡར་རྒྱས་དགོས་པར་གཟིགས་པ་དང་། ད་ཆ་མང་ཚོགས་ཀྱི་འཕྲོད་བསྟེན་ཐོག་དཀའ་ངལ་ཡོད་པ་ཐུགས་བརྩེ་བས་གཟིགས་ནས་ཟངས་དཀར་སྨན་ཁང་འདི་ཉིད་༧གོང་མཆོག་གིས་གསོལ་རས་བཀའ་དྲིན་བསྐྱངས་པ་ཞིག་ཡིན་པར་བརྟེན་བཀའ་དྲིན་བླ་མེད་དུ་ཆེ་ཞེས་སོགས་ལྷ་སྙན་སྒྲོན་འབུལ་ཞུས་རྗེས་༧གོང་ས་མཆོག་གིས་ས་ཆ་ཁུག་ཀྱོག་ལ་སྨན་བཅོས་ཀྱི་མཐུན་རྐྱེན་ཐོག་ནས་དཀའ་ངལ་ཡོད་པ་ཞིག་རེད། བོད་ལུགས་དང་རྒྱ་སྨན་གཉིས་ཀའི་མཐུན་རྐྱེན་ཡོད་པ་ཞིག་བྱུང་ན་ཞེས་སྨན་ཁང་འདི་འགོ་བཙུགས་པ་རེད། ཁྱེད་ཚོས་དཀའ་ལས་བརྒྱབ་པའི་འབྲས་བུ་རེད་ཅེས་བསྔགས་བརྗོད་གནང་བ་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག
ཡང་༧གོང་ས་མཆོག་གིས་གནམ་གཤིས་དང་ཁོར་ཡུག་ལ་འགྱུར་བ་འགྲོ་བཞིན་པའི་དཀའ་ངལ་ཡོད་པ་ལྟར་ས་གནས་འདིར་མཚོན་ནའང་ཕྱི་ལོ་༢༠༢༨དང་། ༢༠༣༨ སླེབས་སྐབས་ཕལ་ཆེར་གངས་དེ་དག་ཉུང་དུ་འགྲོ་རྒྱུ་གི་རེད་ལ་རིམ་བཞིན་ཟངས་དཀར་དང་ལ་དྭགས་ཀྱི་ས་ཁུལ་མང་པོ་ཞིག་ལ་ཆུ་ཧ་ཅང་དཀོན་པོ་ཆགས་རྒྱུའི་བཟོ་ལྟ་ཡོད་པས་ཁོར་ཡུག་ལ་དོ་སྣང་ཤུགས་ཆེ་ཙམ་བྱེད་དགོས། ད་ལྟ་ཆུ་ཕྲན་བུ་ཡོད་པའི་དུས་སྐབས་འདིར་ཤིང་སྣ་འདེབས་འཛུགས་བྱ་རྒྱུས་མཚོན་ཆུ་མཛོད་རྒྱག་རྒྱུ་སོགས་དགོས་ངེས་བྱེད་རྒྱུ་ཡོད་པ་དེ་ཚོའི་ཐོག་བསམ་བློ་གཏོང་དགོས། དེ་མིན་ལོ་༢༠།༣༠ ཕྱིན་པའི་རྗེས་ལ་ཏན་ཏན་ཆུའི་དཀའ་ངལ་འཕྲད་རྒྱུ་རེད། ཁྱེད་རང་ཚོ་ཟངས་དཀར་བ་ཚང་མ་རྒྱབ་ཏུ་རྡོག་ཁྲེས་རེ་འཁུར་ནས་རྒྱ་གར་དམའ་སར་འགྲོ་རྒྱུ་འཁེལ་ཡོང་ཞེས་ཞལ་ཤོབ་དང་སྦྲགས་གསུངས་གནང་འདུག
སྤྱིར་ཟངས་དཀར་འཕྲོད་བསྟེན་སྨན་ཁང་དང་གསོ་རིག་ཉམས་ཞིབ་ཁང་འདི་ཉིད་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་མཐུན་འགྱུར་རོགས་རམ་འོག་གསར་བཞེངས་རྗེས་སྤྱི་ནོར་༧གོང་ས་མཆོག་གིས་ཕྱི་ལོ་༢༠༡༧ཟླ་བདུན་པའི་ཚེས་༡༦ཉིན་དབུ་འབྱེད་རབ་གནས་མཛད་ཡོད་འདུག
དེ་ནས་སྤྱི་ཚེས་༢༤ ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཟངས་དཀར་གྱི་རྒྱལ་ས་པ་དུམ་ཁུལ་གྱི་ཁ་ཆེའི་སློབ་གྲྭ་ཞིག་ཏུ་ཆིབས་སྒྱུར་བཀའ་དྲིན་སྐྱོང་སྐབས། ༧གོང་ས་མཆོག་གིས་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་ང་ཚོས་བསམ་བློའི་འགྲོ་སྟངས་ཐོག་དོ་སྣང་སྤྲོད་དགོས། དེང་དུས་ཤེས་ཡོན་ལམ་ལུགས་ནང་བསམ་བློའི་འཕྲོད་བསྟེན་ལའང་དོ་སྣང་ངེས་པར་དུ་བྱེད་དགོས་པ་སོགས་བཀའ་སྩལ་འདུག

གསར་འགོད་པ་ཀརྨ་རྒྱ་མཚོ་དང་། ལྕགས་མོ་འཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎