༧གོང་ས་མཆོག་མེ་སོར་གཙུག་ལག་སློབ་ཆེན་དུ་ཆིབས་བསྒྱུར་གནང་བ།


2016.12.13
༧གོང་ས་མཆོག་མེ་སོར་གཙུག་ལག་སློབ་ཆེན་དུ་ཆིབས་བསྒྱུར་གནང་སྐབས། ༢༠༡༦།༡༢།༡༣ ༧གོང་ས་མཆོག་མེ་སོར་གཙུག་ལག་སློབ་ཆེན་དུ་ཆིབས་བསྒྱུར་གནང་སྐབས། ༢༠༡༦།༡༢།༡༣
པདྨ་དངོས་གྲུབ།/RFA

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པ་མཆོག་རྒྱ་གར་ལྷོ་ཕྱོགས་མེ་སོར་(Mysore)་གཙུག་ལག་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་པའི་མཛད་སྒོར་དབུ་བཞུགས་གནང་འདུག
དེ་ཡང་མེ་སོར་(Mysore)་གཙུག་ལག་སློབ་གཉེར་ཁང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་འདི་ཚེས་༡༣་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙུག་ལག་སློབ་གཉེར་ཁང་དེའི་བསླབ་པ་མཐར་སོན་པའི་མཛད་སྒོ་ཐེངས་༩༧་པའི་ཐོག་དབུ་བཞུགས་གནང་ཡོད་པ་དང་། ༧གོང་ས་མཆོག་གིས་མཛད་སྒོའི་ཐོག་གཙུག་ལག་སློབ་གཉེར་ཁང་དེས་རྒྱལ་ཁབ་ཀྱི་ཤེས་ཡོན་ལས་དོན་ཐོག་སློབ་མ་མང་པོ་གསོ་སྐྱོང་གནང་ཡོད་པར་བསྔགས་བརྗོད་གནང་ཡོད་པ་དང་འབྲེལ་ཤེས་ཡོན་སློབ་སྦྱོང་དང་དུས་གཅིག་ཏུ་ནང་སེམས་ཀྱི་སློབ་གསོ་སྤྲོད་རྒྱུ་དེ་ཡང་གལ་ཆེ་ཡིན་པ་སོགས་ཀྱི་བཀའ་སློབ་གནང་ཡོད་པ་རེད།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་འདི་ཚེས་༡༨་ནས་ ༢༠་བར་གྱི་ཉིན་གྲངས་གསུམ་རིང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མའི་གཞིས་ཆགས་ནང་རྟེན་གཞི་བྱེད་པའི་གདན་ས་ཆེན་པོ་འབྲས་སྤུངས་སུ། ནང་ཆོས་དང་ཚན་རིག་དབར་ཕན་ཚུན་ཤེས་བྱ་གོང་འཕེལ་གཏོང་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་སྐོང་འཚོགས་གནང་གི་ཡོད་འདུག
ཐེངས་འདིའི་བགྲོ་གླེང་ཚོགས་འདུ་དེ་བཞིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཏཱ་ལའི་བླ་མའི་དགེ་རྩ་དང་ཨ་རིའི་མངའ་སྡེ་ཇོར་ཇི་ཡའི་རྒྱལ་ས་ཨེཊ་ལཎ་ཊའི་ནང་རྟེན་གཞི་བྱེད་པའི་ཨི་མོ་རི་གཙུག་ལག་སློབ་གྲྭ་ཆེན་མོ་གཉིས་ཟུང་འབྲེལ་གྱི་ཐོག་ནས་གོ་སྒྲིག་གནང་བ་ཞིག་ཡིན་པ་དང༌། བགྲོ་གླེང་ཐོག་༧གོང་ས་ཆེན་པོ་མཆོག་གི་དབུས་པའི་འཛམ་གླིང་གི་སྙན་གྲགས་ཅན་གྱི་ཚན་རིག་པ་དང་ཚན་རིག་སློབ་གཉེར་གནང་མྱོང་ཡོད་པའི་བོད་པའི་དགེ་འདུན་པ་ཁག་ཅིག་མཉམ་ཞུགས་གནང་གི་ཡོད་འདུག
ཚོགས་འདུའི་མཛད་རིམ་གསལ་བསྒྲགས་གནང་བ་ལྟར་གཞིགས་ན། འདི་ཚེས་༡༨་ཉིན་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་ཐོག་མར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་བཤད་དང༌། དེ་ནས་Dr. Michel Bitbol་ཞུ་བས་ནང་ཆོས་དང་ཚན་རིག་བར་གྱི་འབྲེལ་བའི་རྒྱུད་རིམ་སྐོར་གསུང་བཤད་དང༌། ཉིན་རྒྱབ་ཏུ་བལྟ་གྲུབ་སྐོར་བགྲོ་གླེང་གནང་རྒྱུ་ཡིན་འདུག་ཅིང༌། ཚེས་༡༩་ཉིན་དངོས་ཁམས་རིག་པ་དང༌འཇིག་རྟེན་ཆགས་སྟངས། ཚེས་༢༠་ཉིན་ཤེས་པ་དང་ཀླད་རྩའི་སྐོར་དང༌། དེ་བཞིན་ཆོས་དང་མ་འབྲེལ་བའི་བླངས་དོར་ཀུན་སྤྱོད་ཀྱི་ཤེས་བྱ་སྤེལ་ཐབས་བཅས་པའི་སྐོར་བཀའ་བསྡུར་གནང་རྒྱུ་ཡིན་འདུག

དེ་ནས་ཡང་ཕྱི་ཚེས་༢༡་ཉིན་དེ་སྔ་༡༤༡༦་ལོར་རྗེ་འཇམ་དབྱངས་ཆོས་རྗེས་གདན་ས་ཆེན་པོ་འབྲས་སྤུངས་ཕྱག་བཏབས་ནས་མི་ལོ་དྲུག་བརྒྱ་འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་ཚོགས་རྒྱུ་ཡིན་པ་རེད།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་བཤེས་མའི་བསླབ་པ་མཐར་སོན་གྱི་བཙུན་མ་ཉི་ཤུར་དགེ་བཤེས་མའི་མཚན་རྟགས་གནང་རྒྱུ་ཡིན་པ་དང་། དེ་འདི་ཚེས་༢༢་ཉིན་འབྲས་སྤུངས་དགོན་པ་ཕྱག་བཏབ་ནས་ལོ་ངོ་དྲུག་བརྒྱ་འཁོར་གྱི་ཡོད་པའི་དུས་དྲན་དང་བསྟུན་ནས་དགེ་བཤེས་མའི་བསླབ་པ་མཐར་སོན་ཚོར་ཕྱག་འཁྱེར་མཚན་རྟགས་གནང་གི་ཡོད་འདུག
དེའི་གོང་དགེ་བཤེས་ཀྱི་མཚན་རྟགས་མ་གཏོགས་དགེ་བཤེས་མའི་མཚན་རྟགས་འབུལ་བའི་ལམ་སྲོལ་མེད་ཀྱང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་ངོ་མང་པོའི་གོང་ནས་བཙུན་མ་ཚོས་ཀྱང་གཞུང་ཆེན་བཀའ་པོད་ལྔར་སློབ་སྦྱོར་བྱེད་དགོས་པའི་སྐུལ་མ་ཤུགས་ཆེ་གནང་པ་དང་། བཙུན་མའི་དགོན་པ་མང་པོའི་ནང་སློབ་གཉེར་གྱི་གཞི་བཙུགས་གནང་པའི་ཐོག་བཙུན་མ་ཚོར་ཡང་དགེ་བཤེས་མའི་མཚན་རྟགས་གནང་རྒྱུར་ཐུགས་འཁུར་ཆེ་བཞེས་མཛད་ཏེ་༧གོང་ས་མཆོག་གི་བཀའ་དགོངས་བཞིན། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་གཙོ་འགན་བཞེས་ཏེ། ཕྱི་ལོ་༢༠༡༢་ལོར་བོད་ཀྱི་བཙུན་དགོན་དང་སློབ་གཉེར་ཁང་ཁག་ནས་གཞུང་ཆེན་བསླབ་པ་མཐར་སོན་གྱི་བཙུན་མ་རྣམས་ལ་དགེ་བཤེས་མའི་རྒྱུགས་སྤྲོད་དང་མཚན་རྟགས་འབུལ་ཕྱོགས་ཀྱི་སྒྲིག་གཞི་ཞེས་པ་གསར་དུ་གཏན་ལ་ཕབ་སྟེ། ཕྱི་ལོ་ ༢༠༡༣་ནས་༢༠༡༦་བར་རྒྱུགས་སྤྲོད་ཀྱི་ལས་རིམ་རྣམས་ཚགས་ཚུད་བཟོས་གནང་ཡོད་ཅིང་། ཕྱི་ཚེས་༡༢་ཉིན་ནས་ཉིན་གྲངས་བཞིའི་རིང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་བཙུན་དགོན་བྱང་ཆུབ་ཆོས་གླིང་དུ། དགེ་བཤེས་མའི་སློབ་པ་མཐར་སོན་གྱི་ཡོད་པའི་བཙུན་མ་༢༠་ཡིས་དགེ་བཤེས་མའི་གྲྭ་བསྐོར་དམ་བཅའ་འཚོགས་བཞིན་ཡོད་པ་རེད། དགེ་བཤེས་མའི་མཚན་རྟགས་དེ་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བཙུན་མ་བསླབ་པ་མཐར་སོན་གྱི་མཚན་རྟགས་མཐོ་ཤོས་དེ་ཆགས་རྒྱུ་ཡིན་པ་རེད།

གསར་འགོད་པ་འཆི་མེད་དང་། ངག་ཆོས། གུ་རུ་ཆོས་སྐྱིད། ཀེ་ཐོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎