དགའ་ལྡན་ཁྲི་ཐོག་ ༡༠༥ པ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གསར་མཇལ་ཞུས་འདུག

ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༧ རེས་གཟའ་མིག་དམར་ཉིན། བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོ་དགོན་པར་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༥ པ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་དང་། ཤར་རྩེ་ཆོས་རྗེར་བསྐོ་གཞག་ཕྱག་རྟགས་ཕེབས་པ་སེར་སྨད་མཁན་ཟུར་རྗེ་བཙུན་ངག་དབང་འབྱོར་ལྡན་མཆོག་བཅས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གསར་འཇལ་ཞུས་ཡོད་འདུག
ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོའི་རྒྱལ་བའི་གཟིམ་ཆུང་དུ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་འཇལ་ཁའི་སྐབས། བཅོམ་ལྡན་འདས་རྒྱལ་བ་ཐུབ་པའི་དབང་པོའི་སྐུ་བརྙན་ཅིག་དང་། ཚེ་ཡི་ལྷ་མཆོག་རྒྱལ་བ་ཚེ་དཔག་ཏུ་མེད་པའི་སྐུ་བརྙན་ཅིག རྗེ་ཚེ་འཛིན་མའི་སྐུ་བརྙན་ཅིག་བཅས་སྐུ་རྟེན་དང་། གསུང་རྟེན་དུ་ཚེ་མདོ། རྡོ་རྗེ་གཅོད་པ། རྒྱལ་བའི་ཞབས་བརྟན་བཅས་གསུང་རྟེན་དང་། བཀའ་བདམས་མཆོད་རྟེན་ཐུགས་རྟེན་དུ་འབུལ་ལམ་ཞུས་པ་དང་འབྲེལ་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་སྐྱེ་བར་ནས་ཚེ་རབས་ཐམས་ཅད་དུ་རྗེས་སུ་བཟུང་རྒྱུའི་གསོལ་འདེབས་མཛད་ཅིང་། བསྟན་པ་སྤྱི་དང་འཛམ་གླིང་འདིའི་གང་གི་སྐྱེ་འགྲོར་ཕན་པའི་རླབས་ཆེན་གྱི་མཛད་བཟང་དག་ཕན་ཐོགས་ཆེན་པོ་ཡོད་པ་དང་། སླར་ཡང་སྐུ་ཚེ་ཡུན་རིང་བརྟན་རྒྱུའི་ཐུགས་བསྐྱེད་ཡོད་ཚུལ་བཅས་ཞལ་བཞེས་བཟང་པོ་བསྩལ་གནང་མཛད། ༧གོང་ས་མཆོག་ནས་ཁྲི་རིན་པོ་ཆེ་མཆོག་ལ་ཐུགས་ཤིན་ཏུ་དགྱེས་ཚོར་ཆེན་པོ་མཛད་ཅིང་རྟེན་སྐལ་དུ་སྟོན་པ་ཤཱཀྱ་ཐུབ་པའི་དབང་པོའི་སྐུ་བརྙན་ཅིག་བསྩལ་གནང་མཛད། ཁྲི་རིན་པོ་ཆེ་མཆོག་ནས་སྙན་སེང་ཞུ་དོན་ལ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་འཇང་དགུན་ཆོས་ཕེབས་མཁན་གདན་ས་གསུམ་གྱི་གཙོས་པའི་དགོན་ཁག་ཉེར་གཅིག་ནས་དགེ་འདུན་ཞལ་གྲངས་༡༩༩༥ དང་། སེ་ར་ཐེག་ཆེན་གླིང་དུ་བྱམས་ཆོས་དང་རིགས་ཚོགས་ཀྱི་དགུན་ཆོས་ཆེད་བཅར་དགེ་ལུགས་རྒྱུགས་སྤྲོད་དུ་ཕེབས་མཁན་ཁོངས་ནས་དགེ་འདུན་གྲངས་༨༥༠ དང་། དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་གྱི་ཆོས་བརྒྱུད་ཀྱི་འཛིན་པའི་བར་ཤེས་ཡོན་བརྗེ་ལེན་གྱི་ལས་གཞིར་མཉམ་ཞུགས་གནང་མཁན་ནང་པའི་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་དགེ་འདུན་པའི་གྲངས་༦༠ བཅས་ཡོད་པའི་ད་ཆར་ཚུགས་བཞིན་པའི་དགེ་ལྡན་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་བཅས་སྙན་སྒྲོན་ཞུས་སྐབས་རྒྱལ་བ་མཆོག་གིས་ཐུགས་རྗེ་ཆེ་དཔེ་མི་སྲིད་པ་ཡག་པོ་རེད། མཐར་བློ་བདེ་པོ་བྱས་ནས་བཞུགས་ཨ་ཅེས་བཀའ་བསྩལ་ཡོད་པ་དགའ་ལྡན་ཁྲི་རིན་པོ་ཆེའི་ངོ་དེབ་ནང་འཁོད་ཡོད་འདུག
དེ་བཞིན་༧མགོན་པོ་མཆོག་གིས་སེར་སྨད་མཁན་ཟུར་ཤར་རྩེ་ཆོས་རྗེ་རྗེ་བཙུན་ངག་དབང་འབྱོར་ལྡན་མཆོག་ལ་གསར་མཇལ་སྩལ་གནང་བའི་སྐོར་ལ། ཤར་རྩེ་ཆོས་རྗེ་ངག་དབང་འབྱོར་ལྡན་མཆོག་གི་ཕྱག་མཛོད་བློ་བཟང་དར་རྒྱལ་ལགས་ཀྱིས། གསར་མཇལ་གྱི་ལམ་སྲོལ་དེ་ནི་སྔོན་མོ་ནས་བོད་ནང་གནང་སྲོལ་ཡོད་པ་བཞིན། ད་ལན་མཇལ་ཁ་ཞུ་རྒྱུ་བྱུང་བ་ཧ་ཅང་གི་བསྐལ་བ་བཟང་པོ་ཡིན་སྐོར་དང་། གསར་མཇལ་ཞུས་སྐབས་༧མགོན་པོ་མཆོག་ནས་དམིགས་བསལ་གྱི་བཀའ་སློབ་གང་ཡང་ཕེབས་མེད་རུང་༧མགོན་པོ་མཆོག་དགུང་གྲངས་བརྒྱ་དང་བཅུ་ལྷག་བཞུགས་རྒྱུ་ཡིན་པའི་བཀའ་བཞེས་བཟང་པོ་ཕེབས་ཡོད་སྐོར་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
དེ་བཞིན་༧གོང་ས་མཆོག་གིས་རྣམ་གྲོལ་གླིང་གི་གྱང་ཁང་རིན་པོ་ཆེ་དང་སྐུ་འཁོར་རྣམས་ལ་མཇལ་ཁ་སྩལ་གནང་མཛད་ཡོད་འདུག།
གསར་འགོད་པ། ཚེ་རིང་རྣམ་རྒྱལ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།