སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འབྲུག་ཡུལ་དང་བལ་ཡུལ་སོགས་ཕྱི་ནང་མང་ཚོགས་ལ་མཇལ་ཁ་སྩལ་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ངལ་ལ་མི་འཛེམས་པར་བདུན་རེའི་ནང་གི་ཉིན་གསུམ་རིང་འཆར་ཅན་འཛམ་གླིང་གི་ས་ཕྱོགས་གང་ས་ནས་ཕེབས་པའི་དད་ལྡན་མང་ཚོགས་ལ་མཇལ་ཁ་སྩལ་བཞིན་ཡོད་པ་བཞིན། འདི་ཚེས་༢༥ཉིན་གྱི་སྔ་དྲོར། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་འཛམ་གླིང་གི་ས་ཕྱོགས་འདྲ་མིན་ནས་ཕེབས་པའི་མང་ཚོགས་ལ་མཇལ་ཁ་སྩལ་ཡོད་པ་རེད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་མཇལ་བཅར་ཞུ་མཁན་ཁག་ཅིག་ལ་བཅར་འདྲི་ཞུས་སྐབས། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ནས་ཡིན་པའི་ཨ་མ་སྒྲོལ་དཀར་ལགས་ཀྱིས། ཁོང་དང་ལྷན་དུ་ཁོང་གི་བུ་དང་མནའ་མ། དེ་བཞིན་དགུང་ལོ་༩༠ ཡིན་པའི་ཁོང་གི་ཁྱོ་ག་བཅས་ནང་མི་ཆ་ཚང་མགོན་པོ་མཆོག་གི་མཇལ་ཁ་ཞུ་རྒྱུའི་དུས་བཟང་བྱུང་བ་དེས་ཤིན་ཏུ་ནས་སེམས་པ་སྐྱིད་པོ་བྱུང་ཡོད་པ་དང་། རིང་མིན་༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་དུ་ཆིབས་སྒྱུར་གནང་རྒྱུ་ཡིན་པས། ཁོང་རྣམས་མགྱོགས་པོར་རང་ཁྱིམ་རྒྱ་གར་ལྷོ་ཕྱོགས་སུ་ཕྱིར་ལོག་གནང་རྒྱུ་ཡིན་པའི་སྐོར་གསུངས་བྱུང་།
གཞན་ཡང་དེ་སྔ་རྒྱ་གར་ལྷོ་ཕྱོགས་རྣམ་གྲོལ་གླིང་དགོན་པའི་ནང་སློབ་གཉེར་གནང་མྱོང་མཁན་བླ་མ་ལྷག་པ་ནོར་བུ་ཤར་པ་ལགས་ཀྱིས། ཁོང་དང་ལྷན་དུ་བལ་ཡུལ་ནས་དད་ལྡན་པ་ ༡༣ ཙམ་ཞིག་ཆེད་དུ་བཞུགས་སྒར་དུ་མགོན་པོ་མཆོག་གི་མཇལ་ཁ་ཞུ་སླད་དུ་བཅར་ཡོད་པས། སྤྱིར་༧གོང་ས་མཆོག་དགུང་ལོ་མཐོན་པོར་ཕེབས་ཡོད་ནའང་། ཁོང་གིས་སྐུ་ངལ་ལ་མི་འཛེམས་པར་འཆར་ཅན་དད་ལྡན་མང་ཚོགས་ལ་མཇལ་ཁ་གནང་གི་ཡོད་ཅིང་། ད་ཐེངས་མགོན་པོ་མཆོག་གི་ཞལ་རས་ནི་སྔར་ལས་ངོ་མཚར་ཆེ་ཞིང་མི་འདྲ་ཞིག་མཇལ་བྱུང་། ལྷག་པར་དུ་དེ་རིང་ཁྱད་པར་ཅན་གྱི་དུས་བཟང་གསུམ་མཉམ་དུ་འཁེལ་ཡོད་པས། དེ་ནི་དམིགས་བསལ་གྱི་རྟེན་འབྲེལ་བཟང་པོ་ཞིག་དང་བྱིན་རླབས་ཆེན་པོ་བྱུང་བ་འགྲེལ་བརྗོད་གནང་བྱུང་།
གཞན་འབྲུག་ཡུལ་ནས་ཡིན་པའི་ཡེ་ཤེས་རྡོ་རྗེ་ལགས་ཀྱིས། ཁོང་ཆེད་དུ་འབྲུག་ཡུལ་ནས་བཞུགས་སྒར་དུ་མགོན་མཆོག་གི་མཇལ་ཁ་ཞུ་རུ་བཅར་བ་ཐེངས་དང་པོ་ཡིན། ང་ཚོ་འབྲུག་ཡུལ་ནས་ཁག་ཅིག་ཆེད་དུ་མགོན་པོ་མཆོག་གི་མཇལ་ཁ་ཞུ་རུ་བཅར་བ་ཡིན། ཐེངས་འདིར་མགོན་པོ་མཆོག་གི་མཇལ་ཁ་ཐོབ་པ་དེས་སེམས་ནང་དགའ་ཚོར་ཆེན་པོ་ཞིག་བྱུང་སོང་། ཁོང་གི་མཇལ་ཁ་ཐོབ་མཁན་ཚང་མ་བསོད་ནམས་ཆེན་པོ་རེད་བསམ་གྱི་འདུག་ལ། ངས་ཞུ་འདོད་པ་ནི་འཛམ་གླིང་གི་ས་ཕྱོགས་གང་སར་གནས་སྡོད་དད་ལྡན་པ་རྣམས་ནས་ངེས་པར་དུ་མགོན་པོ་མཆོག་གི་མཇལ་ཁ་ཞུ་རུ་བཅར་དགོས་གལ་ཆེན་པོ་ཡིན་པ་སེམས་ཚོར་བརྗོད་སོང་།
འདི་ཚེས་༢༥ ཉིན་གྱི་ཉིན་རྒྱབ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དགའ་ལྡན་ལྔ་མཆོད་ཆེན་མོའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།