༧གོང་ས་མཆོག་ཞི་བའི་ཚལ་ཕོ་བྲང་ལ་ཞབས་སོར་འཁོད་འདུག
2017.06.28
བོད་ཀྱི་དབུ་ཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་སླེ་ཞི་བའི་ཚལ་ཕོ་བྲང་ལ་ཞབས་སོར་བདེ་བར་འཁོད་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་རྗེས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གནང་ཐང་བརྒྱུད་ཚེས་༢༨་ཉིན། རྒྱ་གར་ལ་དྭགས་ཀྱི་རྒྱལ་ས་སླེའི་གནམ་ཐང་དུ་ཞབས་སོར་བདེ་བ་འཁོད་གནང་མཛད་ཅིང་། སྐབས་དེར་དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་མཆོག་དང་། ཁྲིག་སེ་དགོན་པའི་མཁན་རིན་པོ་ཆེ། འབྲི་གུང་ཐུགས་སྲས་རིན་པོ་ཆེ། གྲོས་ཚོགས་འཐུས་མི་ཐུབ་བསྟན་ཚེ་དབང་ལགས། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ཚོགས་པའི་འགོ་དཔོན་བསོད་ནམས་དྭགས་པོ་ལགས་སོགས་སེར་སྐྱ་མང་ཚོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་འདུག
མཛད་འཆར་ལྟར་ན། སྤྱི་ཚེས་༢༩་ནས་སྤྱི་ཟླ་ ༧ ཚེས་ ༥ བར་༧གོང་ས་མཆོག་གིས་ཞི་བའི་ཚལ་ཕོ་བྲང་ནང་སྐུ་ངལ་གསོ་གནང་མཛད་རྒྱུ་དང་། ཕྱི་ཟླ་ ༧ ཚེས་ ༦ ཉིན་མགོན་པོ་གང་ཉིད་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༢ བཞེས་པའི་དགའ་སྟོན་རྟེན་འབྲེལ་མཛད་སྒོ་སྲུང་བརྩི་དང་སྦྲགས་བསྟན་འགྲོའི་ཕན་བདེའི་སླད་༧སྐུ་ཚེ་མི་འཇིག་རྡོ་རྗེའི་ཁམས་སུ་བརྟན་ཕྱིར་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་མ་ཟད། ཏཱ་ལའི་བླ་མའི་དྲ་རྒྱ་བརྒྱུད་ཐེ་ཝན་དང་སིངྒ་པུར་ནང་༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་རྒྱུའི་མཛད་རིམ་རྣམས་ཐད་ཀར་འཛམ་གླིང་ཡོངས་ལ་རྒྱང་སྲིང་གནང་རྒྱུ་ཡིན་འདུག
དེ་རྗེས་༧གོང་ས་མཆོག་ཕྱི་ཟླ་ ༧ ཚེས་ ༡༠ ཉིན་རྒྱལ་ས་སླེ་ནས་ཐད་འཕུར་གནམ་གྲུ་བརྒྱུད་ནུབ་རར་ཆིབས་སྒྱུར་བསྐྱངས་རྗེས་ཁུལ་དེར་རྟེན་གཞི་བྱེད་པའི་བདེ་སྐྱིད་དགོན་པར་ཆིབས་བསྒྱུར་བསྐྱངས་ནས་ཕར་ཕྱིན་དབྱར་ཆོས་ཆེན་མོའི་མཇུག་སྡོམ་མཛད་སྒོར་བཀའ་སློབ་སྩལ་གནང་མཛད་རྒྱུ་མ་ཟད། སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་པ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཆོས་སྩལ་གནང་མཛད་རྒྱུ་སོགས་ཀྱི་མཛད་འཆར་འདུག
གསར་འགོད་པ་གུ་རུ་ཆོས་སྐྱིད།