དུས་དབང་ཆོས་ཞུ་བའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་འདུག


2017.01.03
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་དང་དུས་དབང་གི་གསུང་ཆོས་རྭ་བ། ༢༠༡༧།༡།༢ བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་དང་དུས་དབང་གི་གསུང་ཆོས་རྭ་བ། ༢༠༡༧།༡།༢
OHHDL

༧གོང་ས་མཆོག་དབུ་བཞུགས་ཐོག་དཔལ་དུས་ཀྱི་འཁོར་ལོའི་ས་ཆོག་ཉིན་གཉིས་པའི་མཛད་རིམ་ཁག་ལེགས་གྲུབ་གནང་འདུག
དེ་རིང་ཕྱི་ལོ་༢༠༡༧་ལོའི་ཕྱི་ཟླ་༡་ཚེས་༣་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྣམ་རྒྱལ་གྲྭ་ཚང་གི་ཕྱོགས་གྲྭ་དགེ་འདུན་པ་རྣམས་ཀྱིས་དཔལ་དུས་ཀྱི་འཁོར་ལོའི་ས་ཆོག་ཉིན་གཉིས་པའི་མཛད་རིམ་ཁག་ལེགས་གྲུབ་གནང་ཡོད་པ་རེད།
སྔ་དྲོ་ཕྱག་ཚོད་༧་ནས་ས་ཕྱོགས་ཀྱི་ཞལ་འདོན་དབུ་འཛུགས་གནང་སྟེ། ཕྱི་དྲོ་ཕྱག་ཚོད་བཞི་པ་བར་ཐུགས་འགོར་བྱུང་ཞིང་། འདི་ནི་ས་ཆོག་ཉིན་གསུམ་གྱི་ནང་ནས་ཞལ་འདོན་གསུང་འདོན་གནང་རྒྱུ་རིང་ཤོས་དེ་ཆགས་ཡོད་པ་རེད།
ས་ཆོག་ཉིན་གཉིས་པའི་ཉིན་རྣམ་རྒྱལ་གྲྭ་ཚང་གི་ཕྱོགས་གྲྭ་དགེ་འདུན་པ་རྣམས་ནས་ས་སྲུང་ཞིང་། བགེགས་དཀྲལ་བའི་ཕྱིར་ས་ཕྱོགས་ཀྱི་གར་འཆམ་སྐྱོན་པ་དང་། གར་འཆམ་གྲུབ་མཚམས་བུམ་གྲུབ་དང་། ཐིག་སྐུད་དང་རྡུལ་ཚོན། རྡོ་དྲིལ་སོགས་བྱིན་བརླབ་གནང་རྗེས། རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་སའི་སྟེགས་བུའི་སྟེང་། རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་གནང་སྟེ་ཐིག་ཆེན་བརྒྱད་ཀྱི་རློན་ཐིག་སྐྱོན་ཡོད་པ་རེད། མུ་མཐུད་མཚན་གང་༧སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་ཕྱོགས་གྲྭ་དགེ་འདུན་པ་རྣམས་ནས་དུས་འཁོར་གྱི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་རློན་ཐིག་སྐྱོན་གནང་རྒྱུ་ཡིན་འདུག
གནས་མཆོག་རྡོ་རྗེ་གདན་དུ་ཆོས་ཞུ་བའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་པ་མངོན་གསལ་དོད་པོས་མཐོང་རྒྱུ་འདུག་ལ། མི་ཚོགས་མང་དུ་ཕྱིན་པ་དང་དུས་མཚུངས་དངོས་པོ་རྐུ་འཁྱེར་དང་བོར་བརླག་སོགས་ཀྱི་གནད་དོན་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་པ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲིལ་བསྒྲགས་ཁང་ནས་གསལ་བསྒྲགས་གནང་བཞིན་པ་ནས་གོ་ཐོས་ཡོང་གི་འདུག
ཕྱི་ཚེས་༣་དང་༤་བཅས་པར་མང་ཚོགས་དང་འབྲེལ་བའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་མེད་སྟབས། ཕྱོགས་འདྲ་མིན་ནས་འདུས་པའི་ཆོས་ཞུ་བ་མང་དག་ཞིག་གནས་མཆོག་རྡོ་རྗེ་གདན་གྱི་ཉེ་འཁོར་དུ་ཡོད་པ་སྟོན་པ་ཤཱཀྱ་ཐུབ་པ་མཆོག་གིས་ཕར་ཕྱིན་གྱི་མདོ་གསུངས་ཡུལ་བྱ་རྒོད་ཕུང་པོའི་རི་དང་། རྒྱལ་པོའི་ཁབ། ན་ལེན་ཌ། བསི་བ་ཚལ་གྱི་དུར་ཁྲོད། ལོ་དྲུག་དཀའ་སྤྱད་སོགས་ཀྱི་གནས་ཁག་ཏུ་མང་ཚོགས་གནས་མཇལ་དུ་ཕེབས་བཞིན་འདུག
ས་གནས་རྒྱ་གར་བའི་ཡུལ་མི་དང་ལྷག་པར་དུ་ཚོང་ཁང་དང་ཟ་ཁང་ཡོད་པ་ཚོས་བརྗོད་ན། ཕྱི་ལོ་༢༠༡༢་ཀྱི་དུས་འཁོར་དབང་ཆེན་སྐབས་དང་བསྡུར་ན། ལོ་འདིར་ཆོས་ཞུ་བ་བཅར་མཁན་གྱི་གྲངས་འབོར་ཧ་ཅང་ཉུང་བ་ཡིན་པ་འགྲེལ་བརྗོད་བྱེད་ཀྱི་འདུག ཆོས་ཞུ་བ་མང་ཚོགས་ནས་དེབ་སྐྱེལ་བྱེད་དགོས་ཀྱི་མེད་སྟབས་ཚོད་དཔག་ཙམ་ལས་ཆོས་ཞུ་བའི་གྲངས་འབོར་ངོ་མ་ཤེས་རྟོགས་ཐུབ་རྒྱུ་ཧ་ཅང་ཁག་པོ་ཡིན་འདུག
ད་ཆ་བོད་ནས་གསར་དུ་ཕེབས་མཁན་གྱི་གྲངས་འབོར་ཧ་ཅང་ཉུང་དུ་སོང་ཟིན་འདུག་ལ། དངོས་སུ་དུས་འཁོར་དབང་ཆེན་སྐབས་བོད་ནས་ཕེབས་མཁན་ཇི་ཙམ་ཞུགས་ཐུབ་མིན་ད་ལྟ་གསལ་ཁ་མེད་པའི་གནས་སུ་གྱུར་ཡོད་པ་རེད།
ཕྱི་ཚེས་༤་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་ས་ཆོག་ཉིན་གསུམ་པའི་མཛད་རིམ་ཁག་སྐྱོང་རྒྱུ་དང་། ཕྱི་ཚེས་༥་ནང་སྤྱོད་མཇུག་ཆེན་མོ་དང་སྒོམ་རིམ་བར་པའི་སྒོ་ནས་སྔོན་འགྲོའི་གསུང་ཆོས་དབུ་འཛུགས་གནང་རྒྱུ་ཡིན་པ་རེད།

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎