སྤྱི་ནོར༧གོང་ས་མཆོག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་དམིགས་བསལ་གཟིམ་ཆུང་མཇལ་ཁ་བསྩལ་འདུག

2023.03.06
སྤྱི་ནོར༧གོང་ས་མཆོག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་དམིགས་བསལ་གཟིམ་ཆུང་མཇལ་ཁ་བསྩལ་འདུག སྤྱི་ནོར༧གོང་ས་མཆོག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་དམིགས་བསལ་གཟིམ་ཆུང་མཇལ་ཁ་བསྩལ་སྐབས། ༠༣།༠༦།༢༠༢༣
CTA

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཉེ་ལམ་དབྱིན་ཡུལ་དང་། ཨ་རི། ཁེ་ཎ་ཌ་སོགས་སུ་འཚམས་གཟིགས་འགྲུབ་རྗེས་སྤྱི་ཟླ་༣པའི་ཚེས་༦ཉིན་གྱི་སྔ་དྲོ་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བསྩལ་ཡོད་འདུག
མཇལ་ཁ་འགྲུབ་མཚམས་སུ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། གསར་འགོད་པ་ཚོར་གསུངས་དོན། ད་རེས་གྱི་མཇལ་ཁ་དེ་ཧ་ཅང་གི་ཡག་པོ་བྱུང་སོང་ལ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། མགོན་པོ་གང་ཉིད་མཆོག་དགུང་གྲངས་བརྒྱ་དང་བཅུ་ལྷག་འཚོ་བཞུགས་གནང་ཐུབ་པ་ཡིན་ན། རྒྱ་ནག་ནང་ཏན་ཏན་འགྱུར་བ་འགྲོ་རྒྱུ་ཡིན་པ་ནམ་རྒྱུན་ལྟར་བཀའ་གནང་སོང་བ་གསུང་བྱུང་།
ཡང་འདི་གའི་གསར་འགོད་པས་སྲིད་སྐྱོང་མཆོག་ལ། ཐེངས་འདིའི་གཟིམ་ཆུང་མཇལ་ཁའི་སྐབས། ༧གོང་ས་མཆོག་ལ་སྙན་གསན་ཇི་ཞུས་སྐོར་བཅར་འདྲི་ཞུས་པར། སྲིད་སྐྱོང་མཆོག་གིས། ད་རེས་གཙོ་བོ་ནི། ཉེ་ལམ་དབྱིན་ཡུལ་དང་། ཨ་རི། དེ་བཞིན་ཁེ་ཎ་ཌ་བཅས་ཀྱི་ནང་གཞུང་འབྲེལ་ཕྱོགས་སྐྱོད་ཕྱིན་ཏེ། ལས་དོན་བསྒྲུབ་བཞག་པའི་ནང་ནས་གལ་ཆེ་ཁག་ཅིག་༧གོང་ས་མཆོག་ལ་སྙན་འབུལ་ཞུས་པ་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།
དེ་སྔོན་༢༠༢༢ལོའི་སྤྱི་ཟླ་༡༢ནང་སྲིད་སྐྱོང་མཆོག་གིས་༧གོང་ས་མཆོག་ལ་དམིགས་བསལ་མཇལ་ཁ་ཞུས་པའི་རྗེས། ད་བར་ཟླ་བ་གཉིས་ལྷག་གི་ནང་བཀའ་ཤག་སྐབས་༡༦པའི་ལས་དོན་གལ་ཆེ་བསྒྲུབ་པ་རྣམས་༧གོང་ས་མཆོག་ལ་ད་རེས་སྔར་སྲོལ་བཞིན་སྙན་འབུལ་ཞུས་འདུག

Dalai lama sikyong penpa tsering (1).jpg
ཁ་སྔོན་སྤྱི་ཟླ་༡པོའི་ནང་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དབྱིན་ཡུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་སྟེ། ཁུལ་དེའི་གནད་ཡོད་མི་སྣ་ཁག་ལ་མཇལ་འཕྲད་ཙམ་མ་ཟད། གསར་འགོད་པ་དང་། ཉམས་ཞིབ་པ། དེ་བཞིན་(Oxford)་གཙུག་ལག་སློབ་ཆེན་གྱི་དགེ་ལས་སློབ་ཕྲུག་རྣམ་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་ཐོག་གསུང་བཤད་གནང་ཡོད་པ་དང་། དབྱིན་ཡུལ་གྱི་གཞུང་འབྲེལ་ཕྱོགས་ཕེབས་གྲུབ་པའི་རྗེས། ཨ་མི་རི་ཀའི་རྒྱལ་ས་(Washington DC)་དུ་ཕེབས་ཏེ། ཁུལ་དེར་གྲོས་ཚོགས་འཐུས་མི་རྣམས་མཇལ་འཕྲད་ཀྱིས། བོད་དོན་ཁྲིམས་འཆར་གསར་པར་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་འདུག
འདས་ལོ་༢༠༢༢ལོར་ངོ་སྤྲོད་གནང་བའི་བོད་ཀྱི་ལོ་རྒྱུས་གནས་བབ་གསལ་པོ་བཟོ་རྒྱུ་དང་། བོད་རྒྱ་གཉིས་གྲོས་མོལ་གྱི་ལམ་ནས་དཀའ་རྙོག་སེལ་ཐབས་སོགས་དང་འབྲེལ་བའི་ཁྲིམས་འཆར་དེ་བཞིན་ད་ཆ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནང་ངོ་སྤྲོད་གནང་ཟིན་ཡོད་པ་རེད།
གཞན་ཡང་སྤྱི་ཟླ་༢པའི་ནང་སྲིད་སྐྱོང་མཆོག་གིས། ཨ་རིའི་གཞུང་འབྲེལ་ཕྱོགས་ཕེབས་སྐབས། ཡུན་རིང་བོད་དོན་རྒྱབ་སྐྱོར་བ་དང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་(Nancy Pelosi)་མཆོག་དང་། བོད་དོན་རྒྱབ་སྐྱོར་བ་གྲོས་ཚོགས་འཐུས་མི་སྐུ་ཞབས་(Jim McGovern)་ལགས་དང་། ཨ་རིའི་གྲོས་ཚོགས་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་(Christopher H. Smith)་ལགས་སོགས་དང་མཇལ་འཕྲད་གནང་ཡོད་འདུག
ད་དུང་ཁུལ་དེར་སྲིད་སྐྱོང་མཆོག་གིས། ཨ་མི་ཀའི་རོགས་ཚོགས་(PRM)་དང་། (USAID)་ཞེས་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མིའི་བདེ་སྡུག་ཆེད་དུ་ཡུན་རིང་རོགས་སྐྱོར་གནང་མཁན་ཚོགས་པ་དེ་གཉིས་ཀྱི་ཚོགས་འཛིན་རྣམ་གཉིས་ལྷན་དུ་མཇལ་འཕྲད་གནང་སྟེ། འབྱུང་འགྱུར་བཙན་བྱོལ་བོད་མིའི་གནས་སྟངས་ཐད་གོ་བསྡུར་གནང་ཡོད་པ་རེད།


གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎