ཅེག་གྲོས་ཚོགས་འོག་མས་བོད་དོན་རྒྱབ་སྐྱོར་འབོད་སྐུལ།
2008.07.03
༄༅༎ཅེག་གྲོས་ཚོགས་འོག་མས་བོད་ཀྱི་གནད་དོན་ཐོག་རྒྱ་ནག་གི་ལྷན་དུ་གྲུབ་འབྲས་ལྡན་པའི་ཐོག་ནས་གྲོས་མོལ་གནང་རྒྱུར་རྒྱབ་སྐྱོར་དང་འབོད་བསྐུལ་གྱི་གྲོས་ཆོད་གཏན་འབེབས་གནང་བའི་གནས་ཚུལ་ཐོན་འདུག་།
དེ་ཡང་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་ཕྱི་ཟླ་བདུན་པའི་ཚེས་ ༢ ཉིན་ཁྱབ་སྤེལ་གནང་དོན་ལྟར་ ཕྱི་ཟླ་གསུམ་པའི་ཚེས་ ༡༩ ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་གཞོན་པ་དང་ ཁོར་ཡུག་བློན་ཆེན་ མར་ཌིན་སྦུ་སེག་མཆོག་དང་ ཕྱི་སྲིད་བློན་ཆེན་དང་པོ་ ཐོ་མ་སི་པོ་རྗར་ དང་ གྲོས་ཚོགས་ཀྱི་འཐུས་མི་ ཀེ་ཏི་རི་ན་ཇའག་ བཅས་ལས་གྲུབ་པའི་ཚོགས་ཆུང་གིས་གྲོས་འགོ་བཏོན་པ་བཞིན་ ཅེག་གྲོས་ཚོགས་འོག་མས་བོད་ཀྱི་གནད་དོན་ཐོག་རྒྱ་ནག་གཞུང་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་ལྷན་དུ་ནུས་པ་དང་འབྲས་བུ་ཡོད་པའི་གྲོས་མོལ་གནང་རྒྱུར་ཉེ་སྔོན་གྲོས་ཆོད་གཏན་འབེབས་གནང་འདུག་། གྲོས་ཆོད་དེ་གའི་ནང་ ཅེག་གྲོས་ཚོགས་འོག་མའི་འཐུས་མི་རྣམས་ཀྱིས་ བོད་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་དང་ རང་དབང་གི་ཐོག་ནས་གསར་འགོད་པ་གཏོང་དགོས་པའི་འབོད་བསྐུལ་གནང་ཡོད་པ་དང་ དེ་བཞིན་བོད་ནང་རྨས་སྐྱོན་བྱུང་བའི་བོད་མི་རྣམས་ལ་སྨན་བཅོས་ཀྱི་རོགས་རམ་ཆེད་རྒྱལ་སྤྱིའི་རྒྱ་གྲམ་དམར་པོ་བོད་ནང་འགྲོ་བསྐྱོད་ཆོག་པའི་དགོས་འདུན་བཏོན་གནང་འདུག་། དེ་མ་ཟད་བོད་དང་རྒྱ་ནག་གི་མི་སེར་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་ས་སྲུང་སྐྱོབ་གནང་དགོས་པའི་སྐོར་རྒྱ་ནག་གཞུང་ལ་ཅེག་རྒྱལ་ཁབ་ཀྱི་གྲོས་ཚོགས་འོག་མའི་བོད་དོན་སྐོར་གྱི་གྲོས་ཆོད་དེ་གའི་ནང་བཀོད་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག་༎