བོད་གཞུང་ནས་རྒྱ་ནག་གི་ཉེས་འཛུགས་ལ་དགག་ལན་སྐྱོན་འདུག

རྒྱ་ནག་གཞུང་གིས་༸གོང་ས་མཆོག་ལ་ཉེས་འཛུགས་འདྲ་མིན་སྣ་ཚོགས་ཤིག་སྤེལ་ཡོད་པ་བཅས་ལ་བཙན་བྱོལ་གཞུང་ནས་དགག་ལན་སྐྱོན་འདུག

2008.07.19

༄༅༎འདི་ལོའི་སུམ་ཅུའི་དུས་དྲན་ནས་བཟུང་བོད་ས་ཡོངས་སུ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང༌། དེའི་རྗེས་སུ་རྒྱ་ནག་གཞུང་གི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་། ༸གོང་ས་མཆོག་ལ་མཚན་དམས་ཤུགས་ཆེ་ཞུས་ཡོད་པ་ནི། ཏཱ་ལའི་ཤོག་ཁག་གི་བོད་ནང་གི་ཟིང་ཆ་སྐུལ་སློང་བྱས་པ་རེད་ཅེས་དང༌། ཏཱ་ལའི་བླ་མས་བོད་ནང་བྲན་གཡོག་རིང་ལུགས་བསྐྱར་གསོ་བྱེད་རྩིས་ཡོད་རེད་ཟེར་བ་སོགས་ཉེས་འཛུགས་འདྲ་མིན་སྣ་ཚོགས་ཤིག་སྤེལ་ཡོད་པ་བཅས་ལ་བརྟེན་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང༌། གནད་དོན་དེ་དག་གི་ཐོག་དགག་ལན་རིན་པ་འགའ་ཤས་བཏོན་ཟིན་པ་དང༌། ཁ་ས་ཚེས་བཅུ་དགུ་ཉིན་སླར་ཡང་དྲ་རྒྱའི་ནང་དོན་ཚན་མང་པོ་ཞིག་ཡོད་པའི་ནང་ནས་སྙིང་བསྡུས་ཤིག་ཞུས་པ་ཡིན་ན། དཔེར་ན། ཡུལ་གྱར་སྲིད་གཞུང་གི་གནས་བབ་དེ་བས་ཚད་འཕེར་ཡོང་བ་བྱེད་ཆེད་ཏཱ་ལའི་བླ་མ་དང༌། ཁོང་གི་རྒྱབ་སྐྱོར་བ་ཚོས། བོད་རྒྱལ་ཁབ་ཀྱི་རྒྱལ་གླུ་དང༌། བོད་རྒྱལ་ཁབ་ཀྱི་རྒྱལ་དར་ཟེར་བ་དེ་སྔ་ཕྱི་ལོ་ ༡༩༥༩ གོང་བྱུང་མྱོང་མེད་པ་ཞིག་བཟོས་ཡོད་ཅེས་ཤིན་ཧཱ་གསར་འགྱུར་བརྒྱུད་ལམ་ནང་དཔྱད་གཏམ་སྤེལ་ཡོད་པ་དེའི་ཐོག་གསལ་བཤད་གནང་དོན། བོད་མི་བཙན་བྱོལ་བ་རྣམས་ནས་བོད་ཀྱི་རྒྱལ་དར་བེད་སྤྱོད་བྱེད་ཀྱི་ཡོད་པའི་ཐད་རྒྱ་ནག་དབང་འཛིན་པ་ཚོས་སྐྱོན་བརྗོད་བྱེད་གཞི་ཡ་མཚན་ཤོས་ཤིག་ནི། རྒྱལ་དར་གངས་རི་དང༌། གངས་སེང་གི་དཔེ་རིས་འཁོད་ཡོད་པ་དེ་དག་བེད་སྤྱོད་བྱེད་ཆོག་པའི་བཀའ་འཁྲོལ་ཁོང་ཚོར་ཞུ་མ་སོང་ཞེས་བཤོད་ཀྱི་ཡོད་པ་དེ་ཡིན་ཞིང༌། སྐྱོན་བརྗོད་དེ་དང་འབྲེལ་བ་ཆགས་པའི་གནས་ཚུལ་ཞིག་འདི་ལོ་ཕྱི་ཟླ་བཞི་པའི་ཚེས་༡༡ ཉིན་རྒྱ་ནག་ཉིན་རེའི་གསར་ཤོག་ཐོག་ཐོན་ཡོད་པ་དེ་དང་ཉིན་རྗེས་མ་སྟེ་ཚེས་བཅུ་གཉིས་ཉིན་ཤིན་ཧཱ་གསར་འགྱུར་ལས་ཁང་གི་དྲ་རྒྱའི་ནང་བསྐྱར་འདོན་བྱེད་ནས་ཉེས་འཛུགས་བྱས་ཡོད་པ་རེད། ཡིན་ནའང་རྒྱལ་དར་དེ་ནི་བཙན་བྱོལ་ནང་གི་བོད་མི་ཚོས་གསར་དུ་བཟོས་པ་ཞིག་མ་ཡིན། དུས་རབས་མང་པོའི་རིང་རྣམ་པ་འདྲ་མིན་སྣ་ཚོགས་ཤིག་བརྒྱུད་ནས་འཕེལ་རྒྱས་བྱུང་བ་ཞིག་བོད་མི་རིགས་ཀྱི་ངོས་འཛིན་བྱེད་ཀྱི་ཡོད་པ་དང༌། དེ་སྔ་ཕྱི་ལོ་ ༡༩༣༤ ཕྱི་ཟླ་དགུ་པའི་ནང༌། འཛམ་གླིང་ནང་རྒྱལ་དར་སྐོར་དམིགས་བསལ་ལེ་ཚན་ཞིག་བཀོད་བསྒྲིགས་བྱས་པའི་སྐབས་སུ་བོད་ཀྱི་རྒྱལ་དར་ཚུད་ཡོད་པ་དང༌། ལྷག་པར་དུ་དེ་སྔ་༸གོང་ས་མཆོག་རྒྱ་ནག་ཏུ་མའོ་ཚེ་ཐུང་དང་མཇལ་འཕྲད་སྐབས་མའོ་ཚེ་ཐུང་གིས། ཁྱེད་རང་ཚོར་རྒྱལ་དར་ཡོད་རེད་པས་ཟེར་བཀའ་འདྲི་གནང་བའི་བཀའ་ལན་དུ་༸གོང་ས་མཆོག་ནས་ཡོད་ལུགས་ཞུས་པར་བོད་ཀྱི་རྒྱལ་དར་དེ་དང༌། མཉམ་དར་དམར་གྱི་རྒྱལ་དར་ཡང་ཡག་པོ་ཉར་ཚགས་བྱེད་དགོས་ཞེས་གསུངས་ཡོད་པ་རེད། དེ་བཞིན་རྒྱ་གར་ནང་བོད་པའི་སྐུ་ཚབ་ཚོགས་འདུར་ཕེབས་པའི་སྐབས་སུའང་བོད་ཀྱི་རྒྱལ་དར་འཕྱར་ཡོད་པ་སོགས་བཙན་བྱོལ་བོད་གཞུང་ནས་དགག་ལན་སྐྱོན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎