རང་ལུས་མེར་བསྲེགས་ཀྱིས་སྐུ་གྲོངས་བར་གཞུང་འབྲེལ་མཆོད་འབུལ།


2016.03.04
རང་ལུས་མེར་བསྲེགས་ཀྱི་ཞི་རྒོལ་བ་གཉིས་ཀྱི་གཞུང་འབྲེལ་མཆོད་འབུལ། རང་ལུས་མེར་བསྲེགས་ཀྱི་ཞི་རྒོལ་བ་གཉིས་ཀྱི་ཆེད་བཞུགས་སྒར་དུ་གཞུང་འབྲེལ་མཆོད་འབུལ་གནང་བཞིན་པ། ༢༠༡༦།༣།༤
འཇིགས་མེད་སྙན་གྲགས།།RFA

དེ་ཡང་གནས་ཚུལ་ལྟར་ན། ཉེ་ལམ་དཀར་མཛེས་ཁུལ་ཉག་རོང་ཕྱོགས་ཀྱི་དགེ་འདུན་པ་སྐལ་བཟང་དབང་འདུས་ལགས་དང་། རྒྱ་གར་ནང་གཞོན་སྐྱེས་སློབ་ཕྲུག་རྡོ་རྗེ་ཚེ་རིང་ལགས་རྣམ་གཉིས་ཀྱིས། རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་གྱུར་བར། བོད་མིའི་སྒྲིག་འཛུགས་ཀྱིས་གདུང་སེམས་མཉམ་བསྐྱེད་ཆེད་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་གནང་ཡོད་པ་རེད།
དེ་ནི་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ཚེས་༤་རེས་གཟའ་པ་སངས་ཉིན། ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་ཐོག་ཁོང་རྣམ་གཉིས་ཀྱི་གཙོས་ད་བར་བོད་བསྟན་སྲིད་དང་མི་རིགས། རང་དབང་གི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་པ་ཕོ་མོ་འདས་གསོན་ཡོངས་ལ་གཞུང་ཕྱོགས་ནས་གདུང་སེམས་མཉམ་སྐྱེའི་མྱ་ངན་རྗེས་དྲན་སླད་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ། དཔལ་ལྡན་རྣམ་རྒྱལ་གྲྭ་ཚང་གི་མཁན་ཟུར་ཟླ་བ་ལགས་དབུ་བཞུགས་ཐོག་ མཆོད་འབུལ་སྨོན་ལམ་ཚོགས་གནང་ཡོད་པ་རེད།
སྨོན་ལམ་དེའི་ཐོག་སྲིད་ཚབ་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བོད་མི་མང་སྤྱི་འཐུས་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། བཞུགས་སྒར་ཁུལ་གྱི་རིས་མེད་ཆོས་སྡེ་ཁག་གི་གྲྭ་བཙུན་སྔགས་གསུམ་དེ་བཞིན་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་སྨོན་ལམ་གསུང་འདོན་གནང་འདུག་ལ་རྣམ་རྒྱལ་གྲྭ་ཚང་གི་དགེ་བསྐོས་བསྟན་འཛིན་མཐུ་སྟོབས་ལགས་ཀྱིས་ཆོས་རིག་ལས་ཁུངས་ཀྱི་སྐྱབས་ཐོ་སྒྲོགས་སྦྱང་གནང་འདུག།
ཉེ་ལམ་ཕྱི་ཟླ་༢པའི་ཚེས་༢༩་ཉིན། དཀར་མཛེས་ཁུལ་ཉག་རོང་རྫོང་རི་མཚོ་ཁ་ཨརྱ་གླིང་དགོན་པའི་དགེ་འདུན་པ་སྐལ་བཟང་དབང་འདུས་ལགས་ཀྱིས་བོད་ལ་རང་དབང་དགོས་ཞེས་སྐད་འབོད་གནང་བཞིན་རང་ལུས་མེར་བསྲེགས་གནང་ཡོད་པ་དང་། ས་གནས་བོད་མི་ཚོས་མཐོང་མ་ཐག་མེ་བསད་དེ་ཁོང་ཉག་རོང་རྫོང་མི་མང་སྨན་ཁང་དུ་ཁྱེར་ཡོད་ཀྱང་ལམ་བར་ནས་སྐུ་གྲོངས་ཡོད་པ་རེད། དམ་པ་ཁོང་ནི་དགུང་ལོ་༡༨ཡིན་ཞིང་། ཕ་བསོད་བཀྲ་དང་ མ་ཨོ་རྒྱན་སྒྲོལ་མ་གཉིས་ཀྱི་བུ་ཡིན་པ་རེད།
དེ་བཞིན་ཡང་ཚེས་༢༩ཉིན་དེ་རང་ལ་བཙན་བྱོལ་ནང་རྒྱ་གར་བྱང་ཕྱོགས་Uttarkhandམངའ་སྡེའི་རྒྱལ་ས་སྡེ་ར་ལྡུན་གྱི་ཁྱབ་ཁོངས། ཧར་པ་པུར་བོད་མིའི་གཞིས་ཆགས་ཀྱི་རྒས་གསོ་ཁང་ཉེ་འཁྲིས་སུ། གཞོན་ནུ་སློབ་ཕྲུག་རྡོ་རྗེ་ཚེ་རིང་ལགས་ཀྱིས་རྒྱ་ནག་གཞུང་ལ་ཞི་རྒོལ་ཆེད་ རང་ལུས་མེར་སྲེག་གནང་སྟེ། མཐར་ཚེས་༣ཉིན་རྒྱ་གར་གྱི་རྒྱལ་ས་ལྡིའི་སྨན་ཁང་ཞིག་ཏུ་མྱུར་སྐྱོབ་མ་ཐུབ་པར་འདས་གྲོངས་སུ་གྱུར་ཡོད་པ་རེད། དམ་མ་ཁོང་ནི་དགུང་ལོ་༡༦དང་། མ་སུ་རི་བོད་ཁྱིམ་སློབ་གྲྭའི་སློབ་མ་ཡིན་ཞིང་། ཕ་ཐུབ་བསྟན་དང་མ་ཉི་མ་གཡང་འཛོམས་གཉིས་ཀྱི་བུ་ཡིན་པ་རེད།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎