བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ཞིབ་སྤྱི་ཁྱབ་པ་འཕོ་འགྱུར།
2018.05.02
བོད་མི་མང་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཐེངས་༡༦༡་ཐོག་གཞུང་ཞབས་དྲུང་ཆེ་ཟུར་པ་ཨརྱ་པདྨ་དགྲ་འདུལ་ལགས་རྩིས་ཞིབ་སྤྱི་ཁྱབ་པར་བདམས་ཐོན་བྱུང་འདུག
དེ་ཡང་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པ་མགོན་པོ་ཕུན་ཚོགས་ལགས་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་ལས་དུས་འཁྱུར་བར་བརྟེན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་བཞིན་འདེམས་སྒྲུག་ཚོགས་ཆུང་གི་ཚོགས་མི་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ཟུར་པ་བཀྲས་ཁང་རྣམ་རྒྱལ་རྡོ་རྗེ་ལགས་དང་། དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ཟུར་པ་འཇམ་དཔལ་ཆོས་བཟང་ལགས། རྩིས་ཞིབ་སྤྱི་ཁྱབ་པ་ཟུར་པ་མགོན་པོ་ཕུན་ཚོགས་ལགས་བཅས་ཀྱིས་གཞུང་ཞབས་དྲུང་ཆེ་ཟུར་པ་སྐུ་ཞབས་ཨརྱ་པདྨ་དགྲ་འདུལ་ལགས་དང་། སྐུ་ཞབས་ལྷག་པ་རྒྱལ་མཚན་ལགས་རྣམ་གཉིས་འཆར་འབུལ་ཞུས་པ་བཞིན་ བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་རྒྱུན་ལས་ལྷན་ཚོགས་ཐེངས་ ༡༦༡ པའི་ཐོག་ངོ་ཡོད་སྤྱི་འཐུས་རྒྱུན་ལས་ ༡༡ ནས་རྒྱུན་ལས་ཚོགས་ཁང་ནང་གསང་བའི་འོས་ཤོག་འཕངས་ཏེ་གཞུང་ཞབས་དྲུང་ཆེ་ཟུར་པ་ཨརྱ་པདྨ་དགྲ་འདུལ་ལགས་སུ་སྤྱི་འཐུས་རྒྱུན་ལས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་གྱིས་རྩིས་ཞིབ་སྤྱི་ཁྱབ་པར་བསྐོ་གཞག་བྱུང་ཡོད་ལུགས་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསལ་བསྒྲགས་གནང་འདུག
གཞུང་ཞབས་དྲུང་ཆེ་ཟུར་པ་སྐུ་ཞབས་ཨརྱ་པདྨ་དགྲ་འདུལ་ལགས་ནི་ཕྱི་ལོ་ ༡༩༥༨ ཟླ་ ༥ ཚེས་ ༤ ཉིན་སྐྱིད་གྲོང་དོལ་པོ་ཡུལ་དུ་འཁྲུངས་པ་དང་། ཕྱི་ལོ་ ༡༩༧༦ ལོར་གཞི་རིམ་འཛིན་གྲྭ་བཅུ་གཅིག་ཐོན་རྗེས་ ༡༩༧༩ ལོར་བྷེང་ལོར་མཐོ་སློབ་ནས་ཚོང་རྩིས་ (B.Com) ཐོག་སློབ་ཐོན་བྱུང་ཡོད་འདུག
ཁོང་གིས་ཕྱི་ལོ་ ༡༩༨༢ ནས་ ༡༩༩༧ བར་རྩིས་ཞིབ་ལས་ཁང་དུ་རྒན་དྲུང་ནས་ཟུང་དྲུང་བར་ཕྱག་ལས་གནང་ཡོད་པ་དང་། ༡༩༩༧ནས་ ༢༠༠༡ བར་སྨན་རྩིས་ཁང་གི་འགན་འཛིན་དང་། ༢༠༠༡ ནས་ ༢༠༠༢ བར་རྩིས་ཞིབ་ལས་ཁང་གི་དྲུང་ཆེ། ༢༠༠༢ནས་ ༢༠༠༤བར་མ་སུ་རི་བོད་ཁྱིམ་གྱི་དྲུང་ཆེ། ༢༠༠༤ནས་ ༢༠༠༥ བར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དྲུང་ཆེ། ༢༠༠༧ ལོར་བཀའ་དྲུང་ཡིག་ཚང་དུ་ངེས་མེད་སྡེ་ཚན་གྱི་དྲུང་ཆེ། ༢༠༠༧།༧།༡ ནས་ ༢༠༠༨ བར་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་གནང་རྗེས་ ༢༠༠༨།༣།༢༠ ཉིན་བགྲེས་ཡོལ་སྔ་སྣུར་ཞུས་ཏེ་ད་ལྟ་ཁེ་ན་ཌ་གྲོང་ཁྱེར་ཊོ་རོན་ཊོ་ནང་གནས་མུས་ཡིན་པ་རེད།
གསར་འགོད་པ་ཚེ་དབང་དངོས་གྲུབ།