རྒྱ་ནག་དཔོན་རིགས་ཁག་གཅིག་ལ་ཨ་རིའི་མཐོང་མཆན་བཀག་སྡོམ་ཐག་གཅོད་གནང་ཡོད་པ་ནི་གནད་འགག་ཅན་དང་དུས་དང་འཚམ་པ་ཞིག་ཡིན་པ། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ངོས་འཛིན་གནང་གི་འདུག
མཆན། ཕྱི་ལོ་ ༢༠༢༥ ཟླ་བ་ ༠༤ ཚེས་ ༠༡ ཕྱི་དྲོ་ཆུ་ཚོད་ ༡༠།༤༥ ཐོག་གནས་ཚུལ་ཁ་སྣོན་ཞུས་ཡོད།
ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཱར་ཁོ་རུ་བྷེའོ་ (Marco Rubio) ལགས་ཀྱིས་ཟླ་ ༣ ཚེས་ ༣༡ ཉིན། ཕྱི་ལོ་ ༢༠༡༨ ལོར་ཨ་མི་རི་ཀའི་གྲོས་ཚོགས་སུ་གཏན་འབེབས་གནང་བའི་བོད་ནང་ཕར་འགྲོ་ཚུར་ཡོང་གི་གོ་སྐབས་འདྲ་མཉམ་དགོས་པའི་ཁྲིམས་ཡིག་ (Reciprocal Access to Tibet Act)གཞིར་བཟུང་། ཕྱི་རྒྱལ་མི་རིགས་བོད་ཀྱི་ས་ཁུལ་དུ་འགྲོ་བསྐྱོད་དང་འབྲེལ་བའི་སྲིད་ཇུས་ལག་བསྟར་བྱེད་མཁན་གྱི་འབྲེལ་ཡོད་རྒྱ་ནག་གི་དཔོན་རིགས་ཚོར། ཨ་རིའི་ནང་མཐོང་མཆན་དམ་དྲག་འཕར་མ་བསྟེན་རྒྱུའི་ལག་བསྟར་གནང་ངེས་ཡིན་པར་གསུངས་ཡོད་པའི་ཐད། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། རྒྱ་ནག་གཞུང་གིས་ཡིག་ཆ་དཀར་པོ་སོགས་བཏོན་ཏེ་བོད་ནང་རང་དབང་ཡོད་པ་དང་། བདེ་སྐྱིད་ཕུན་སུམ་ཚོགས་པའི་གནས་སྟངས་མང་པོ་བཤད་བཞིན་པ་རེད་དེ། དངོས་ཡོད་ཀྱི་ཆ་ནས་རྒྱལ་ཁབ་གཞན་གྱི་འཐུས་མི་ཞིག་བོད་ནང་སོང་སྟེ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་། སྨྲ་བརྗོད་རང་དབང་སོགས་ཀྱི་གནས་ཚུལ་བློ་གཟུ་བོར་གནས་པའི་སྒོ་ནས་བལྟ་ཐུབ་ཚེ། དགེ་མཚན་ཆེ་བའི་གནས་སྟངས་ཆགས་ཀྱི་ཡོད་པས། ཐེངས་འདིར་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ཡིས་རྒྱ་ནག་གི་འགོ་ཁྲིད་ཁག་གཅིག་ལ་མཐོང་མཆན་བཀག་སྡོམ་གནང་འཆར་ཡོད་པ་ནི། གནད་འགག་ཆེན་པོ་དང་དུས་དང་འཚམ་པ་ཞིག་ཡིན་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གི་འདུག
ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཱར་ཁོ་རུ་བྷེའོ་ལགས་ཀྱིས། རྒྱ་ནག་གཞུང་གིས་ཨ་རིའི་གཞུང་ཚབ་པ་དང་གསར་འགོད་པ། རྒྱལ་སྤྱིའི་རྟོག་ཞིབ་པ་གཞན་བཅས་བོད་རང་སྐྱོང་ལྗོངས་དང་བོད་ཀྱི་ས་ཁུལ་གཞན་བཅས་སུ་འགྲོ་བསྐྱོད་བྱེད་མི་བཅུག་པའི་ཁར། རྒྱ་ནག་རང་གི་གཞུང་ཚབ་པ་དང་གསར་འགོད་པ་སོགས་ཨ་མི་རི་ཀའི་ནང་བཀག་འགོག་མེད་པར་འགྲོ་ཆོག་པའི་ཐོབ་ཐང་ལོངས་སུ་སྤྱོད་བཞིན་པ་ནི། ངོས་ལེན་དང་བཟོད་བསྲན་ཐུབ་ཐབས་མེད་ཅེས་གསུངས་ཡོད་ནའང་། མཐོང་མཆན་དམ་དྲག་བྱ་ཡུལ་གྱི་རྒྱ་ནག་དཔོན་རིགས་སུ་ཡིན་གྱི་མིང་གཞུང་ཕྱི་ལ་བཏོན་མེད་པའི་ཐད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ཀྱིས། བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ (Wang Junzheng) ཝང་ཅུན་ཀྲེང་དང་དྲུང་ཆེ་ཟུར་པ་ (Chen Quanguo) ཁྲིན་ཆན་ཀོའོ། ད་ལྟ་བཙོན་འོག་ཏུ་ཚུད་པའི་ (Wu Yingjie) ཝུ་ཡིང་ཅེ་སོགས་ལ་བཀག་སྡོམ་ཉེས་ཆད་ངེས་པར་བཏང་དགོས་པ་ཞིག་ཏུ་མཐོང་གི་ཡོད་པ་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གི་འདུག
གནད་དོན་དེ་དང་འབྲེལ་ཏེ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་བཀའ་འདྲི་ཞུས་པར། ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་རྒྱ་ནག་གཞུང་ལ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས་པ་དང་། བོད་མི་ཚོའི་ཐུན་མོང་མ་ཡིན་པའི་ངོ་བོ་ཉར་ཚགས་བྱེད་དགོས་པ། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གམ་ཁོང་གི་སྐུ་ཚབ་རྣམ་པ་དང་ལྷན་དུ་སྔོན་འགྲོའི་ཆ་རྐྱེན་མེད་པར་གྲོས་མོལ་ཡང་བསྐྱར་འགོ་འཛུགས་ཏེ། བོད་མི་རྣམས་ལ་གྲོས་མོལ་བརྒྱུད་ཐག་གཅོད་དང་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་སུ་འབད་བརྩོན་བྱེད་དགོས་པའི་འབོད་སྐུལ་མུ་མཐུད་གནང་གི་ཡོད་པ་གསལ་བཤད་དང་སྦྲགས། ཨ་རི་གཞུང་གིས་རྒྱ་ནག་གི་དཔོན་རིགས་སུ་ལ་མཐོང་མཆན་དམ་དྲག་བྱས་མིན་སྐོར་ཨ་རི་གཞུང་གི་ཁྲིམས་སྒྲིག་ལྟར་གནས་ཚུལ་ཞིབ་ཕྲ་མཁོ་སྤྲོད་ཆོག་གི་མེད་པ་གསུངས་བྱུང་།
གཞན་ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཞིབ་འཇུག་ལྟར་ན། བོད་ནང་གི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་སྒེར་བཙུགས་སློབ་གྲྭ་ཁག་སྒོ་བརྒྱབ་པ་དང་། དགོན་སྡེ་ཁག་ལ་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་མ་ཟད། སི་ཁྲོན་ཞིང་ཆེན་གྱི་རྔ་བ་བོད་རིགས་རང་སྐྱོང་ཁུལ་དུའང་གཅིག་མཚུངས་དམ་དྲག་ཡོང་གི་ཡོད་པས།བོད་རིགས་རང་སྐྱོང་ཁུལ་དེ་གཉིས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་དང་འགོ་ཁྲིད་ཚོར་ངེས་པར་དུ་ཨ་མི་རི་ཀ་གཞུང་གིས་ཉེས་ཆད་འགེལ་དགོས་པ་ཞིག་ཏུ་མཐོང་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ཨ་རིས་རྒྱ་ནག་གི་དཔོན་རིགས་ཁག་ཅིག་ལ་མཐོང་མཆན་བཀག་སྡོམ་བྱས་པར། ཕྱི་ལོ་ ༢༠༢༥ ཟླ་བ་ ༠༤ ཚེས་ ༠༡ ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་གུ་ཧོ་ཇའི་ཀུན་ ( Guo Jiakun) གྱིས་ཨ་རིས་རྒྱལ་ནང་གི་གནད་དོན་ལ་ཐེ་བྱུས་བྱས་ཚུལ་བརྗོད་དེ་སྐྱོན་བརྗོད་དང་འབྲེལ། བོད་ནང་འགྲོ་བསྐྱོད་ལ་དམ་དྲག་མེད་ཚུལ་བརྗོད་འདུག
དེ་ཡང་ཁོས་ཨ་རིའི་བྱ་སྤྱོད་འདི་ནི་བོད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱས་པ་ཞིག་ཡིན་པ་དང་། བོད་ཀྱི་གནད་དོན་དེ་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་ཡིན་པ་བསྐྱར་བཤད་དང་འབྲེལ། བོད་ནང་ཕྱི་རྒྱལ་བ་རྣམས་འཛུལ་རྒྱུར་དམ་དྲག་བྱེད་པའི་སྒྲིག་གཞི་མེད་པ་མ་ཟད། བོད་ནང་ལོ་རེར་ཕྱི་རྒྱལ་བ་མང་པོ་ཡོང་གི་ཡོད་ལ། ཕྱི་ལོ་ ༢༠༢༤ ནང་ཕྱི་རྒྱལ་ཡུལ་སྐོར་བ་ ༣༢༠,༠༠༠ བོད་ལ་འབྱོར་ཡོད་ཚུལ་བསྒྲགས་འདུག
དེ་ལས་འཕྲོས་ཏེ་ཁོས་བོད་ཀྱི་དམིགས་བསལ་གནས་བབ་དང་གནམ་གཤིས་ཀྱི་གནས་སྟངས་ལ་གཞིགས་ཏེ། རྒྱ་གཞུང་གིས་ཕྱི་རྒྱལ་བ་ཚོའི་བདེ་འཇགས་ཆེད་བོད་ནང་འཛུལ་རྒྱུར་སྟངས་འཛིན་བྱེད་ཀྱི་ཡོད་ཚུལ་བརྗོད་པ་མ་ཟད། ཨ་རིས་རྒྱ་ནག་ལྷན་དུ་བོད་དོན་དང་འབྲེལ་བའི་གནད་དོན་ཁས་ལེན་བྱས་པ་རྣམས་སྲུང་བརྩི་དང་། བོད་རང་བཙན་གྱི་ལས་འགུལ་སྤེལ་མཁན་ལ་རྒྱབ་སྐྱོར་མཚམས་འཇོག་བྱེད་དགོས་ཚུལ་བསྒྲགས་འདུག
རྒྱ་ནག་གཞུང་གིས་རྒྱལ་ཡོངས་བདེ་འཇགས་ཀྱི་ཁྲིམས་ཟེར་བ་ལག་བསྟར་གྱིས་རྒྱལ་མཚམས་བརྒལ་བའི་དྲག་གནོན་བྱས་པར་ཉེས་འཛུགས་བྱས་པའི་བརྒྱུད། ཨ་མི་རི་ཀའི་གཞུང་གིས་ཧོང་ཀོང་གི་དམིགས་བསལ་འཛིན་སྐྱོང་ས་ཁུལ་གྱི་ཁྲིམས་དྲུང་ (Paul Lam) དང་། ཉེན་རྟོག་པའི་སྤྱི་ཁྱབ་ (Siu Chak yee) གཙོས་པའི་ཧོང་ཀོང་གི་འགོ་ཁྲིད་དྲུག་ལའང་ཨ་མི་རི་ཀས་གསར་དུ་ཉེས་ཆད་བཅད་པ་ནི། མི་ལོ་བཅུ་གཉིས་ཀྱི་སྔོན་དུ་ཨ་མི་རི་ཀས་ཧོང་ཀོང་དང་རྒྱ་ནག་སྐམ་སའི་འགོ་ཁྲིད་ ༡༡ ལ་དཔལ་འབྱོར་གྱི་ཉེས་ཆད་བཀལ་བའི་རྗེས་ནས་བྱུང་བ་ཞིག་ཡིན་པར། རྒྱ་ནག་གཞུང་གིས་ཁོང་ཁྲོ་ཆེན་པོ་དང་ཨ་མི་རི་ཀ་ལ་ཡ་ལན་སློག་ཁོ་ཐག་ཡིན་པ་སོགས།ཧོང་ཀོང་དུ་རྟེན་གཞི་བྱས་པའི་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཞིག་གིས་བརྗོད་འདུག
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།