རྡ་སར་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དབུ་འབྱེད་གནང་འདུག
2018.01.17
བོད་མིའི་སྒྲིག་འཛུགས་ཀྱིས་བཞུགས་སྒར་རྡ་རམ་ས་ལར་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ཞེས་པ་ཞིག་གསར་འཛུགས་བྱས་འདུག
དེ་ཡང་ཕྱི་ཟླ་ ༡ ཚེས་ ༡༧ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ཞེས་པ་ཞིག་དབུ་འབྱེད་གནང་འདུག་ཅིང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འཆར་འགོད་པ་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས་ཀྱིས་འདི་ནི་བཙན་བྱོལ་བོད་མི་ཚོར་ཚོང་ལས་དང་ནོར་སྲིད་ཞབས་ཞུའི་ཆེད་དངུལ་ཁང་ལྟ་བུའི་སྒྲིག་འཛུགས་ཤིག་དགོས་ངེས་གཟིགས་པའི་འཆར་གཞིའི་ཁོངས་ཤིག་ཡིན་པ་གསུངས་པ་དང་། མ་འོངས་པར་དངུལ་ཁང་ལྟ་བུ་མ་ཡིན་པར་དངུལ་ཁང་རང་གི་སྒྲིག་འཛུགས་ཤིག་འབྱུང་ཐུབ་པ་ཡིན་པ་དམིགས་བསལ་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པ་གསུངས་འདུག
གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེའི་དཔལ་འབྱོར་གྱི་མ་རྩའི་འབྱུང་ཁུངས་ནི་ཨ་རིའི་རོགས་དངུལ་ཡིན་འདུག་པ་དང་། སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་འདི་ནི་བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཆར་སྣང་དང་ལྟ་གྲུབ་གསུམ་གྱི་ནང་ཚན་རང་ཁ་རང་གསོའི་ཆ་ཤས་ཤིག་ཡིན་པ་གསུངས་འདུག
སྔ་ལོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་མི་སུད་ཚོང་བ་ཚོར་རྒྱ་གར་གྱི་སྒོར་མོ་འབུམ་གཅིག་བུ་ལོན་ཐོག་སྐྱེད་ཀ་བརྒྱ་ཆ་གསུམ། དུས་ཡུན་ཟླ་བ་དྲུག་གི་ནང་ཚུད་ཕྱིར་ལོག་ཟིན་པ་དགོས་རྒྱུའི་ལས་གཞིའི་འོག་རྒྱ་གར་གྱི་སྒོར་མོ་འབུམ་ཆིག་སྟོང་ཐམ་པའི་ལས་འཆར་ཞིག་བརྩམ་ཡོད་པ་དང་། འདི་ལོའི་ནང་ཚོང་ཙག་ཙིག་རྒྱབ་མཁན་དང་ལམ་ཟུར་ཚོང་པ་ཚོར་དམིགས་ཏེ། རྒྱ་གར་གྱི་སྒོར་མོ་འབུམ་ཉི་སྟོང་ཐམ་པའི་དངུལ་བུན་གཏོང་རྒྱུའི་འཆར་གཞི་ཡོད་པ་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་འགྲེལ་བརྗོད་གནང་འདུག
གསར་འགོད་པ་ལྕགས་མོ་འཚོ།