རྒྱ་ནག་ནང་མི་མང་གི་ཞི་བའི་ངོ་རྒོལ་རྗེས་བོད་ཀྱི་རྒྱལ་ས་ལྷ་སར་དམ་དྲག་ཆེ་རུ་བཏང་ཡོད་འདུག

དེ་ཡང་རྒྱ་ནག་གི་གཙོ་འཛིན་ཞི་ཅིན་ཕིན་གྱི་ནད་ཡམས་རྩ་མེད་བཟོ་བ་ཟེར་བའི་སྲིད་ཇུས་ལ་ནུས་བ་མ་ཐོན་པར་དེང་སྐབས་མི་རྣམས་ཐབས་ཟད་འུ་ཐུག་པ་དང་། ལྷག་པར་དུ་ཁྱིམ་སྡོད་བཀག་རྒྱའི་དམ་དྲག་སྲིད་ཇུས་ཁྲོད་ཤར་ཏུར་ཀིསུ་ཐན་གྱི་རྒྱལ་ས་ཨོ་རོམ་ཆི་(Urumqi)་རུ་མི་མང་སྡོད་གནས་ཐོག་ཁང་ཞིག་ལ་མེ་སྐྱོན་ཤོར་སྐབས་དུས་ཐོག་མྱུར་སྐྱོབ་མ་ཐུབ་པར་ཉུང་མཐའ་ཡང་མི་བཅུ་ཡི་ཚེ་སྲོག་ཤོར་བའི་དོན་རྐྱེན་དང་འབྲེལ་རྒྱ་ནག་གི་གྲོང་ཁྱེར་མང་པོ་དང་སློབ་ཆེན་མང་པོའི་ནང་མི་མང་གིས་ཞི་བའི་ངོ་རྒོལ་བྱས་ཡོད་པ་རེད།
བོད་ནས་མིང་འདོན་གནང་འདོད་མེད་པའི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། ད་ཆ་བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྒྱ་ནག་གཞུང་གི་ངེས་པར་དུ་རྒྱ་ནག་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་དགོས་ཚུལ་བརྙན་འཕྲིན་བརྒྱུད་ཆབ་སྲིད་ཀྱི་སློབ་གསོའི་ལས་འགུལ་སྤེལ་བཞིན་པ་དང་ཆབས་ཅིག་གྲོང་ཁྱེར་ལྷ་སའི་ནང་སྒྲིག་ཆས་གྱོན་པ་དང་། མ་གྱོན་པའི་བོད་རིགས་དང་། རྒྱ་རིགས་ཉེན་རྟོག་པ་མང་པོ་འགྲེམས་འཇོག་བྱས་འདུག སྤྱིར་དེང་གི་ཆར་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་ཁྱིམ་སྡོད་བཀའ་རྒྱའི་དམ་དྲག་རྒྱལ་ས་ལྷ་སའི་ས་ཁུལ་མང་པོའི་ནང་ལྷུག་ཏུ་བཏང་ཡོད་ཀྱང་ཉེན་རྟོག་པ་མང་པོ་འགྲེམས་འཇོག་བྱས་ནས་གྲོང་ཁྱེར་ཁྱོན་ཡོངས་ནང་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་ངོ་སྤྲོད་གནང་བྱུང་།
ཡང་གནས་ཚུལ་ངོ་སྤྲོད་པས། ད་རེས་རྒྱ་ནག་གི་གྲོང་ཁྱེར་དང་ས་ཁུལ་མང་པོའི་ནང་རྒྱ་ནག་གཞུང་གི་དམ་དྲག་སྲིད་བྱུས་དང་། བློ་སྟོབས་ཆེན་པོས་ཕྱི་ལ་ཐོན་ནས་རྒྱ་ནག་གི་འགོ་ཁྲིད་ཞི་ཅིང་ཕིང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བར་སེམས་འགུལ་ཆེན་པོ་ཐེབས་བྱུང་། གང་ཡིན་ཞུས་ན། རྒྱ་ནག་གི་སྲིད་བྱུས་ལ་ད་ཆ་རྒྱ་མི་རིགས་རང་ཉིད་ཀྱིས་མི་འདོད་པའི་སྒོ་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དེ་ནི་ཧ་ཅང་གི་གཟི་བརྗིད་ཞིག་རེད་ཅེས་གསུང་བྱུང་།
ད་རེས་རྒྱ་ནག་གི་གྲོང་ཁྱེར་དང་ས་ཁུལ་མང་པོའི་ནང་མི་མང་གིས་རྒྱ་ནག་གཞུང་གི་ཏོག་དབྱིབས་ནད་ཡམས་རྩ་མེད་གཏོང་བ་ཟེར་བའི་དམ་དྲག་སྲིད་བྱུས་དང་། རྒྱ་ནག་གི་འགོ་ཁྲིད་ཞི་ཅིང་ཕིང་ལ་ངོ་རྒོལ་བྱས་བའི་གནད་དོན་ཐད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་བསྟན་འཛིན་ལེགས་བཤད་ལགས་སུ་བཀའ་འདྲི་ཞུས་སྐབས། ཁོང་གིས། རྒྱ་ནག་གཞུང་གིས་མི་མང་གི་འབོད་སྒྲར་ཉན་ནས་མི་མང་གི་མངོན་འདོད་བསྒྲུབ་རྒྱུ་གལ་ཆེན་རེད། ནང་བཀྲ་མ་ཤིས་ན་ཕྱིའི་དོན་འགྲུབ་ཀྱི་མ་རེད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་ནག་མི་མང་གི་ལས་འགུལ་ཁག་ལ་གདུང་སེམས་མཉམ་བསྐྱེད་ཡོད་པ་གསུང་བྱུང་།
ད་རེས་ཀྱི་ལས་འགུལ་དེ་བཞིན་ཕྱི་ཕྱོགས་ནས་ཁག་ཅིག་གིས་ཤོག་དཀར་གསར་བརྗེ་ཞེས་འབོད་བཞིན་ཡོད་པ་དང་། དེ་ནི་ཕྱི་ལོ་༡༩༨༩ལོའི་ཚུན་རྒྱ་ནག་ནང་མི་མང་གི་ཞི་བའི་ངོ་རྒོལ་གཞི་རྒྱ་ཆེ་ཤོས་སུ་ངོས་འཛིན་བྱེད་བཞིན་པ་རེད། དེའི་ཐད་རྒྱལ་སྤྱིའི་དབུ་ཁྲིད་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གིས་རྒྱ་ནག་གཞུང་གིས་མི་མང་གི་སྨྲ་བརྗོད་རང་དབང་དང་གཞི་རྩའི་ཐོབ་ཐང་ལ་བརྩི་བཀུར་བྱེད་དགོས་པའི་འབོད་སྐུལ་གནང་བཞིན་འདུག
དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་སོགས་ཕྱིའི་ཡུལ་གྲུ་མང་པོའི་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་བོད་བཙན་བྱོལ་དུ་ཡོད་པའི་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་གཞན་རྒྱ་རིགས་དམངས་གཙོ་དོན་དོན་གཉེར་བ་སོགས་ཀྱིས་ངོ་རྒོལ་གནང་འདུག
གསར་འགོད་པ། དབྱངས་སྒྲོན། ལྕགས་མོ་འཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།