བོད་ཀྱི་ས་ཁུལ་མང་པོར་ཏོག་དབྱིབས་རིམས་ནད་འགོས་བའི་ནད་པ་ཇེ་མང་དུ་འགྲོ་བཞིན་འདུག

2022.11.23
བོད་ཀྱི་ས་ཁུལ་མང་པོར་ཏོག་དབྱིབས་རིམས་ནད་འགོས་བའི་ནད་པ་ཇེ་མང་དུ་འགྲོ་བཞིན་འདུག བོད་ནང་ནད་ཡམས་ཀྱི་ཁྱིམ་སྡོད་བཀག་རྒྱའི་སྐབས་ཉེན་རྟོག་པས་ལྭ་བ་དཀར་པོ་གྱོན་ནས་སྐོར་བསྐྱོད་བྱེད་བཞིན་པ། ༼ཟླ་ཚེས་མི་གསལ
སྤྱི་ཚོགས་དྲ་ལམ།

བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༡༡།༢༣ཉིན་རྒྱབ་བར།

ས་གནས། སྔར་ཡོད། འཕར་བ། ནད་རྟགས་ཅན། ནད་རྟགས་མི་མངོན་པ། ཁྱོན་བསྡོམས།
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས། ༡༨༨༩༨ ༡༨༨༩༩

 ༢༠༢༢།༡༡།༢༢ཉིན།

ས་གནས། སྔར་ཡོད། འཕར་བ། ནད་རྟགས་ཅན། ནད་རྟགས་མི་མངོན་པ། ཁྱོན་བསྡོམས།
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས། ༡༨༨༨༨ ༡༠ ༡༠ ༡༨༨༩༨

དེ་ཡང་བོད་རང་སྐྱོང་ལྗོངས་ཟེར་བའི་ས་གནས་རྒྱ་ནག་གི་གཞུང་འབྲེལ་གསལ་བསྒྲགས་ནང་། འདི་ཚེས་༢༣ཉིན་གྱི་ཉིན་རྒྱབ་བར་བོད་རང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ནད་རྟགས་མ་མངོན་པའི་ནད་པ་༡ཐོན་ཡོད་པ་དང་། དེའི་སྔར་ཉིན་ཚེས་༢༢ཉིན་གྱི་ཆུ་ཚོད་ཉེར་བཞིའི་རིང་ནད་རྟགས་མི་མངོན་པའི་ནད་པ་༡༠མང་དུ་ཕྱིན་ནས་ནད་ཡམས་ཁྱབ་གདལ་གྱི་ཉེན་ཁ་ཆེ་ཁུལ་༡༠ཡོད་པ་བསྒྲགས་འདུག་པ་ལྟར། འདི་ཚེས་༢༣གྱི་ཉིན་རྒྱབ་བར་རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་ལྟར་ན། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ད་བར་ཁྱོན་ནད་ཡམས་འགོས་ཁྱབ་བྱུང་བ་མི་གྲངས་༡༨༨༩༩ཟིན་འདུག ཡིན་ན་ཡང་འབྲེལ་ཡོད་བོད་མི་ཞིག་གིས་རྒྱ་ནག་གཞུང་གིས་རིམས་ནད་ཀྱི་གནས་ཚུལ་དངོས་ཡོད་མི་བསྒྲགས་པ་དང་། ནད་པའི་གྲངས་འབོར་ཏག་ཏག་རང་བཏོན་གྱི་མེད་པ་མ་ཟད། ཡུལ་མི་ཚོས་ས་གནས་ཀྱི་རིམས་ནད་གནས་སྟངས་བཤད་ཚེ་དཀྲོག་གཏམ་སྤེལ་ཚུལ་གྱིས་ཉེས་ཆད་གཏོང་བཞིན་པ་འགྲེལ་བརྗོད་གནང་བྱུང་།
གཞན་བོད་མི་མང་པོ་གནས་ཡུལ་ཟི་ལིང་གྲོང་ཁྱེར་ནང་འདི་ཚེས་༢༢ཉིན་ཏོག་དབྱིབས་ནད་ཡམས་འགོས་བའི་ནད་པ་༤༨༠གསར་དུ་འཕར་ཡོད་པ་དང་། རྩེ་ཁོག་རྫོང་དུ་ཏོག་དབྱིབས་ནད་ཡམས་འགོས་བའི་ནད་པ་༨༠གསར་དུ་འཕར་འདུག རྨ་ལྷོ་ཁུལ་དུ་ཚེས་༢༡ཉིན་ཏོག་དབྱིབས་ནད་ཡམས་འགོས་བའི་ནད་པ་༢༣གསར་དུ་འཕར་ནས་རེབ་གོང་གྲོང་ཁྱེར་གྱིས་ཁྱིམ་སྡོད་བཀག་རྒྱ་དང་མཉམ་ཁྱིམ་ནས་ལས་ཀ་བྱེད་དགོས་པའི་བརྡ་ཁྱབ་བཏང་འདུག ཡིན་ན་ཡང་ཁྱིམ་སྡོད་བཀག་རྒྱ་དང་འབྲེལ་བའི་ས་གནས་ཀྱི་གནས་ཚུལ་ཞིབ་ཕྲ་གང་ཡང་སྤེལ་མི་འདུག ས་གནས་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། རྨ་ལྷོ་རེབ་གོང་གྲོང་ཁྱེར་ནང་ཡོད་པའི་རོང་བོ་ལྷ་སྡེ་སྡེ་བའི་ནང་ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་ཡོད་པའི་མི་གཅིག་བྱུང་ནས་ས་གནས་དེར་འགྲོ་འོང་བཀག་སྡོམ་བྱེད་བཞིན་ཡོད་པ་དང་། རེབ་གོང་གྲོང་ཁྱེར་ཁྱོན་ཡོངས་སུ་བཀག་སྡོམ་བྱས་མི་འདུག སྔོན་མ་ཝུའུ་ཧན་ནས་ནད་ཡམས་ཐོག་མར་མཆེད་དུས་རེབ་གོང་ནང་འགྲོ་འོང་བཀག་སྡོམ་བྱས་ཡོད་ཀྱང་། ད་ལྟའི་ཆར་ནད་ཡམས་ས་གནས་སུ་བྱུང་ཡོད་ནའང་བཀག་སྡོམ་ཆེན་པོ་མི་འདུག་པས་ཡུལ་མི་ཚོས་གཟབ་གཟབ་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་འགྲེལ་བརྗོད་གནང་བྱུང་།
ད་དུང་མཚོ་སྔོན་ཡུལ་ཤུལ་གྲོང་ཁྱེར་དུ་འདི་ཚེས་༢༢ཉིན་ཏོག་དབྱིབས་ནད་ཡམས་འགོས་བའི་ནད་པ་༡༢གསར་དུ་འཕར་ཡོད་པ་དང་། ཡུལ་ཤུལ་ཆུ་དམར་ལེབ་རྫོང་དུ་ནད་པ་༢༦འཕར་ཡོད་པ་ས་གནས་གཞུང་གི་འབྲེལ་ཡོད་ཚན་པས་བསྒྲགས་འདུག
རྒྱ་ནག་གཞུང་གིས་རྒྱ་ནག་ཁྱོན་ཡོངས་སུ་ཏོག་དབྱིབས་ནད་ཡམས་རྩ་མེད་བཟོ་བ་ཟེར་བའི་སྲིད་ཇུས་ལག་བསྟར་བྱས་ནས་ཁྱིམ་སྡོད་བཀག་རྒྱ་དང་བཀག་སྡོམ་འདྲ་མིན་བྱེད་བཞིན་ཡོད་ཀྱང་། ཉེ་ལམ་ནས་རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་གྱི་གྲངས་འབོར་ཤུགས་ཆེར་འཕར་བཞིན་པ་དང་། གསར་ལམ་ཁག་གི་གནས་ཚུལ་ལྟར་ན། ཕྱི་ཟླ་༡༡འི་ཚེས་༢༡ཉིན་རྒྱ་ནག་ཁྱོན་ཡོངས་སུ་མི་གྲངས་༢༨༡༢༧ལ་(COVID 19)་ཏོག་དབྱིབས་རིམས་ནད་འགོས་བ་དང་། ཚེས་༢༢ཉིན་མི་གྲངས་༢༩༡༥༧ཙམ་ལ་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་བྱུང་ཡོད་འདུག

གསར་འགོད་པ། ཀླུ་འབུམ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎