འཛམ་གླིང་གི་ས་ཁུལ་མང་པོར་ཏོག་དབྱིབས་ནད་ཡམས་འགོས་བའི་ནད་པ་ཇེ་མང་དུ་འགྲོ་བཞིན་འདུག

2022.07.14
འཛམ་གླིང་གི་ས་ཁུལ་མང་པོར་ཏོག་དབྱིབས་ནད་ཡམས་འགོས་བའི་ནད་པ་ཇེ་མང་དུ་འགྲོ་བཞིན་འདུག ཧྲང་ཧེ་གྲོང་ཁྱེར་ཕྱོགས་སུ་ཏོག་དབྱིབས་ནད་ཡམས་སྔོན་འགོག་བརྟག་དཔྱད་ཀྱི་རྣམ་པ། ༠༧།༠༥།༢༠༢༢
AFP

དེ་ཡང་རོའུ་ཊར་གསར་ཁང་གིས་ཧྲང་ཧེ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཕྱི་ཚེས་༡༣ཉིན་རྒྱ་ནག་ནང་ཏོག་དབྱིབས་རིམས་ནད་འགོས་ཡོད་པའི་ནད་པ་༣༦༦ཐོན་པ་རྒྱ་ནག་གི་འཕྲོད་བསྟེན་ལས་ཁུངས་ནས་གཟའ་ཕུར་བུའི་ཉིན་ཁྱབ་བསྒྲགས་བྱས་ཡོད་འདུག་ལ། དེ་ནི་ཉིན་གཅིག་གི་གོང་ལ་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་གྲངས་༣༣༨དང་བསྡུར་བ་ཡིན་ན་ཇེ་མང་དུ་སོང་བ་བརྗོད་འདུག
རྒྱ་ནག་གཞུང་ཕྱོགས་ཀྱི་གྲངས་ཐོ་ལྟར་ན། འདི་ཚེས་༡༣གཟའ་ལྷག་པའི་བར་རྒྱ་ནག་ནང་བསྡོམས་པའི་ཏོག་དབྱིབས་རིམས་ནད་འགོས་ཡོད་པའི་ནད་པ་གྲངས་༢༢༧༠༣༠བྱུང་ཡོད་ཚུལ་དང་འཆི་སྐྱོན་བྱུང་བའི་གྲངས་ཀ་༥༢༢༦ཡིན་པ་བཤད་ཀྱི་ཡོད་པ་རེད།
དེ་བཞིན་ཨེ་ཤེ་ཡའི་རྒྱལ་ཁབ་གཞན་ཁག་ཅིག་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཤུགས་ཇེ་ཆེར་སོང་ནས། ནིའུ་ཛི་ལེནཌི་དང་ཉི་ཧོང་སོགས་སུ་སྨན་ཁང་ཁག་ཁེངས་ནས་ནད་པ་སྡོད་ས་མེད་པ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་པ་དང་། དེང་སྐབས་འགོས་ཁྱབ་འགྲོ་བཞིན་པ་གཙོ་བོ་རྣམ་པ་འགྱུར་བའི་ཏོག་དབྱིབས་ནད་ཡམས་(BA4/5)་ཡིན་པ་རེད། ནིའུ་ཛི་ལེནཌའི་གཞུང་གིས་ནད་ཡམས་སྔོན་འགོག་ཆེད་འདི་ཚེས་༡༤ཉིན་ནས་མི་མང་ལ་རིན་མེད་ཁ་རས་སྤྲོད་པ་དང་མྱུར་དུ་ནད་ཡམས་བརྟག་དཔྱད་བྱེད་རྒྱུའི་གསལ་བསྒྲགས་བྱས་ཡོད་འདུག
ནིའུ་ཛི་ལེནཌར་མི་འབོར་ས་ཡ་༥དང་འབུམ་གཅིག་ཡོད་པ་དང་། ད་ལྟའི་ཆར་མི་གྲངས་དྲུག་ཁྲི་དགུ་སྟོང་ཙམ་ལ་རྣམ་པ་འགྱུར་བའི་ཏོག་དབྱིབས་ནད་ཡམས་འགོས་ཡོད་པ་དང་། དེའི་ཁྲོད་མི་གྲངས་༧༦༥སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡིན་པ་རེད། དེ་བཞིན་ཉི་ཧོང་ནང་འདི་ཚེས་༡༣བར་ནད་པ་གསར་པ་དགུ་ཁྲི་ལྔ་སྟོང་ཙམ་ཐོན་ཡོད་པ་དང་། ལྷོ་ཀོ་རི་ཡའི་ནང་དུ་ཡང་ནད་ཡམས་དེ་ཁྱབ་གདལ་ཇེ་ཆེར་སོང་ནས་ཉིན་རེར་མི་གྲངས་སུམ་ཁྲི་དགུ་སྟོང་ཙམ་འཕར་འདུག
དེ་བཞིན་འཛམ་གླིང་གི་ཡུལ་ལུང་ཁག་ཅིག་ནང་གཅིག་མཚུངས་རྣམ་པ་འགྱུར་བའི་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཤུགས་ཆེ་རུ་འགྲོ་བཞིན་པ་རེད།

གསར་འགོད་པ། ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎