ནུབ་ཕྱོགས་རྒྱལ་ཁབ་མང་པོས་རྒྱ་ནག་ནས་ཡོང་མཁན་ཚོར་ཏོག་དབྱིབས་ནད་ཡམས་ཡོད་མེད་བརྟག་དཔྱད་བྱེད་དགོས་བ་བཟོས་འདུག

དེ་ཡང་རོའུ་ཊར་གསར་ལས་ཁང་སོགས་རྒྱལ་སྤྱིའི་གསར་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟའི་ཆར་རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་རྩ་མེད་བཟོ་བ་ཟེར་བའི་སྲིད་ཇུས་ཀྱི་དམ་དྲག་བཀག་རྒྱ་ཁག་མེད་པ་བཟོས་བ་དང་མཉམ། རྒྱ་ནག་ནང་ཉིན་རེར་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་བྱུང་བའི་གྲངས་འབོར་ཤུགས་ཆེར་འཕར་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གི་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱི་གནས་སྟངས་ཕྱི་གསལ་ནང་གསལ་མི་བཟོ་བར་མངོན་གསལ་ཇེ་ཆུང་དུ་གཏོང་ཐབས་བྱེད་བཞིན་པ་སོགས་ལ་བརྟེན། ཡོ་རོབ་མནའ་འབྲེལ་སྒྲིག་འཛུགས་ཀྱི་ཚོགས་མི་རྒྱལ་ཁབ་མང་ཆེ་བ་དང་། ཨ་རི་དེ་བཞིན་དབྱིན་ཡུལ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་ནས་འགྲུལ་པ་ཡོང་མཁན་ཚོར་གནམ་ཐང་ནས་ཏོག་དབྱིབས་རིམས་ནད་ཀྱི་ནད་རྟགས་ཡོད་མེད་སྔོན་ནས་བརྟག་དཔྱད་དགོས་པའི་ཆ་རྐྱེན་བཏོན་ཡོད་པ་དང་། རྒྱལ་ཁབ་མང་པོས་རྒྱ་ནག་ནས་ཡོང་མཁན་ཚོར་ཏོག་དབྱིབས་ནད་ཡམས་ཡོད་མེད་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད། དེ་ལ་རྒྱ་ནག་གཞུང་གིས་དབྱེ་འབྱེད་བྱས་པ་ཡིན་ཚུལ་སྐྱོན་བརྗོད་བྱས་ཡོད་ཡོད་འདུག
གཞན་སྤྱི་ཚེས་༣གཟའ་མིག་དམར་ཉིན་ཡོ་རོབ་མནའ་འབྲེལ་གྱི་འགན་འཛིན་ལྷན་ཚོགས་ཀྱིས་བརྗོད་ན། པེ་ཅིན་སྲིད་གཞུང་གིས་དེ་སྔོན་ཏོག་དབྱིབས་ནད་ཡམས་རྩ་མེད་བཟོ་བ་ཟེར་བའི་སྲིད་ཇུས་དེ་གྲ་སྒྲིག་སོགས་ཡག་པོ་མ་བྱས་བར་གློ་བུར་མེད་པ་བཟོས་ནས་བཀག་རྒྱ་ཁག་གློད་རྗེས། རྒྱ་ནག་ནང་(COVID-19)་ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཇེ་མང་དུ་སོང་ཡོད་པར་བརྟེན་ཡོ་རོབ་མནའ་འབྲེལ་མཐུན་ཚོགས་ཀྱིས་རྒྱ་ནག་ལ་རིན་མེད་རིམས་ནད་སྔོན་འགོད་སྨན་ཁབ་མཁོ་སྤྲོད་བྱེད་རྒྱུ་ཡིན་ལུགས་གསལ་སྟོན་བྱས་ཡོད་འདུག འོན་ཀྱང་། རྒྱ་ནག་གི་ངོས་ནས་དེའི་ཐད་ཡ་ལན་གང་ཡང་བྱས་མེད་སྐོར། ཡོ་རོབ་མནའ་འབྲེལ་མཐུན་ཚོགས་ཀྱི་མགྲིན་ཚབ་པས་གསར་འགོད་ལྷན་ཚོགས་ཞིག་གི་ཐོག་བརྗོད་འདུག
སྔོན་འགོག་སྨན་ཁབ་ཞལ་འདེབས་ལེན་མིན་ཐད་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་མའོ་ལིང་ལ་གསར་འགོད་པ་ལྷན་ཚོགས་ཐོག་སྐད་ཆ་དྲིས་སྐབས། ཁོང་མོས་དེར་ཐད་ཀར་ལན་འདེབས་མ་བྱས་པར། རྒྱ་ནག་རང་གིས་བཟོས་པའི་སྔོན་འགོག་སྨན་ཁབ་ལ་ཕན་ནུས་ཚད་ལྡན་ཡོད་པའི་སྐོར་བརྗོད་ཡོད་འདུག
གསར་འགོད་པ། སྐལ་བཟང་སྒྲོལ་མ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།