དཀར་མཛེས་ཁུལ་དུ་ཏོག་དབྱིབས་ནད་ཡམས་འཕོག་མཁན་བསྐྱར་དུ་མི་གཅིག་བྱུང་འདུག
2020.02.22
དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་བདེ་ཐང་ལས་ཁང་གིས་འདི་ཚེས་ ༢༢ ཉིན་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཟླ་༢ཚེས་༢༡ཉིན་དཀར་མཛེས་རྟའུ་རུ་ཏོག་དབྱིབས་ནད་ཡམས་ཕོག་པ་ར་འཕྲོད་བྱུང་བ་དེ་ནི། མིང་ལ་ཚེ་ཟེར་བ་ལོ་ན་༤༧ཡིན་པའི་སྐྱེས་པ་ཞིག་ཡིན་པ་དང་། མི་དེས་ས་གནས་གཞན་ལ་གནས་སྡོད་བྱེད་མྱོང་མེད་པ་རེད། ནད་ཡམས་ཕོག་པ་ར་འཕྲོད་བྱུང་བའི་མི་དེ་དང་འབྲེལ་ཐུག་བྱུང་བ་རྣམས་ཟླ་༢ཚེས༡༨ཉིན་ཟུར་བཀག་སྨན་དོན་བརྟག་དཔྱད་བྱེད་པར་བསྐྱལ་བ་དང་། ཟླ་༢ཚེས་༢༡ཉིན་རྟའུ་རུ་དམིགས་འཛུགས་བྱས་པའི་སྨན་ཁང་དུ་སྨན་བཅོས་བྱ་རྒྱུར་བསྐྱལ་བ་དང་། དེ་མིན་འབྲེལ་ཐུག་དམ་ཟབ་བྱུང་བའི་མི་སྣ་ཚང་མ་ཟུར་བཀག་སྨན་དོན་ལྟ་ཞིབ་བྱ་རྒྱུ་ཡིན་པ་རེད། ཟླ་༢ཚེས་༢༡ཉིན་ཏོག་དབྱིབས་ནད་དུག་གསར་པའི་སྨན་བཅོས་འཆར་བཀོད་ཀྱི་གཏན་འབེབས་ལ་གཞིགས་ནས། ནད་རྟགས་ཀྱི་མངོན་ཚུལ་དང་ནད་ཡམས་རིག་པའི་གཞུང་ལུགས་དང་ཟུང་འབྲེལ། ཚོད་ལྟ་ཁང་གི་ཚོད་ལྟ་བྱས་པའི་གྲུབ་འབྲས། ཞིང་ཆེན་དང་རྟའུ་ཡི་ཏོག་དབྱིབས་ནད་རྟགས་ངོས་འཛིན་བྱེད་མཁན་ཆེད་གཉེར་མཁས་པས་དཔྱད་ཞིབ་བྱས་པ་བཅས་བརྒྱུད་གོང་གསལ་མི་དེར་ཏོག་དབྱིབས་ནད་ཡམས་ཕོག་ཡོད་པ་གཏན་འཁེལ་བྱས་ཡོད་པ་རེད། ཟླ་༢་ཚེས་༢༡ཉིན་གྱི་ཚོུད་༢༤མཚམས་བར་དུ་དཀར་མཛེས་རྟའུ་ཁུལ་དུ་ཏོག་དབྱིབས་ནད་ཡམས་ཕོག་མཁན་རིམ་གསོག་ཁྱོན་མི་༦༩བྱུང་བ་དེའང་། རྟའུ་རྫོང་དུ་མི་༦༤དར་རྩེ་མདོར་༢་གསེར་རྟ་རྫོང་དུ་མི་༢འདབ་པ་རྫོང་དུ་མི་༡་བཅས་དང་། དེའི་ནང་ནས་མི་༡༠སྨན་བཅོས་བྱས་ཏེ་ཕྱིར་འདོན་པ། ཚབས་ཆེའི་ནད་པ་༥ ཆེས་ཚབས་ཆེའི་ནད་པ་གཅིག་བཅས་ཡོད་སྐོར་སོགས་གསལ་འདུག།