ཏོག་དབྱིབས་ནད་ཡམས་ཁྱབ་བརྡལ་འགྲོ་རྒྱུ་ཉེན་འཚབ་ཆེས་མཐོ་ཤོས་སུ་གཏན་འབེབས།
2020.02.29
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཏོག་དབྱིབས་ནད་ཡམས་འཛམ་གླིང་ཐོག་ཁྱབ་བརྡལ་འགྲོ་རྒྱུ་ཉེན་འཚབ་དེ་རིམ་པ་ཆེས་མཐོ་ཤོས་སུ་གཏན་འབེབས་བྱས་འདུག དེ་རིང་ཨེ་ཕི་གསར་ལས་ཁང་གིས་སྤེལ་བའི་གནས་ཚུལ་ནང་། ལྷོ་ཀོ་རི་ཡར་ཏོག་དབྱིབས་ནད་དུག་ཕོག་པ་ཧ་ཅང་མང་པོ་འཕར་བ་དང་འཛམ་གླིང་ཁྱོན་དུ་ནད་ཡམས་ཇེ་འཕར་ཕྱིན་པ་ལ་བརྟེན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཏོག་དབྱིབས་ནད་ཡམས་ཀྱི་ཉེན་འཚབ་དེ་རིམ་པ་ཆེས་མཐོ་ཤོས་སུ་བསྐྱལ་བ་དང་། ཨ་རིར་ཡང་འགོས་ནད་ཁྱབ་ཚད་ལ་སེམས་ཁྲལ་བྱེད་གཞི་ཆགས་ཡོད་པ་རེད། འདས་པའི་གཟའ་འཁོར་དེའི་ནང་ཏོག་དབྱིབས་ནད་ཡམས་འཛམ་གླིང་ཁྱོན་དུ་འགོས་ཁྱབ་རིམ་འཕར་གྱིས་རྐྱེན་པས་མ་རྐང་ཁྲོམ་རྭ་དེ་བཞིན་སྤྱི་ལོ་༢༠༠༨ལོར་འཛམ་གླིང་ཁྱོན་གྱི་དངུལ་རྩའི་ཉེན་འཚབ་བྱུང་བ་ཚུན་གྱི་མ་རྐང་དམའ་ཤོས་སུ་མར་ཆགས་ཡོད་པ་དེའི་རྒྱུ་མཚན་ནི་ནད་ཡམས་དེས་འཛམ་གླིང་དཔལ་འབྱོར་ལ་ཚབས་ཆེའི་ཉམས་ཆག་འགྲོ་གཞིར་མི་རྣམས་ཀྱིས་སེམས་ཁྲལ་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་ཡིན་པ་རེད། ཐོག་མར་ན་ནིང་ཟླ་༡༢པ་ནས་རྒྱ་ནག་གི་དབུས་ཕྱོགས་ཝུའུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་ནད་ཡམས་དེས་འཛམ་གླིང་ཁྱོན་དུ་མི་༢༩༠༠ཙམ་འདས་གྲོངས་ཕྱིན་ཟིན་པ་དང་། མི་བརྒྱད་ཁྲི་ལྔ་སྟོང་བརྒལ་བར་ནད་དུག་ཕོག་ཟིན་ཡོད་པ་རེད།ནད་ཡམས་དེ་ཕོག་ཡུལ་མང་ཆེ་བ་རྒྱ་ནག་ཏུ་ཡིན་ཞིང་།འོན་ཀྱང་དུས་ད་ལྟ་འཛམ་གླིང་རྒྱལ་ཁབ་གཞན་ལ་ནད་ཡམས་འགོས་ཁྱབ་འགྲོ་ཚད་ཀྱི་རིམ་པ་འཕར་བཞིན་བ་དེའི་ནང་ནས་ལྷོ་ཀོ་རི་ཡ་དང་། ཨི་ཊ་ལི། ཨི་རཱན་ལ་ནད་ཡམས་འགོས་ཁྱབ་འགྲོ་ཚད་མྱུར་ཤོས་སུ་གྱུར་ཡོད་པ་རེད། ལྷོ་ཀོ་རི་ཡ་ནང་དེ་རིང་ནད་དུག་ཕོག་པ་གསར་པ་༥༩༤བྱུང་བ་དང་ཁྱོན་མི་སུམ་སྟོང་ཙམ་ནད་དུག་ཕོག་ཡོད་པ་རེད།ཏོག་དབྱིབས་ནད་ཡམས་དེ་བཞིན་འཛམ་གླིང་གླིང་ཆེན་ལྔ་ལ་འགོས་ཁྱབ་འགྲོ་སྲིད་པ་ཨ་རིས་ཉེན་བརྡ་བཏང་ཡོད་པ་རེད། གཞན་ཡང་བོད་དཀར་མཛེས་རང་སྐྱོང་ཁུལ་དུ་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་སྐོར་དཀར་མཛེས་ཁུལ་གྱི་གཞུང་འབྲེལ་གནས་ཚུལ་སྤེལ་བའི་ནང་། ཟླ་༢ཚེས་༢༨ཉིན་རང་སྐྱོང་ཁུལ་དུ་ཏོག་དབྱིབས་ནད་དུག་གསར་པ་ཕོག་པ་བྱུང་མེད་པ་དང་ནད་དུག་ཕོག་པའི་ནད་པ་དྲག་བསྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་འདོན་པ་མི་༡༡བྱུང་ཡོད་འདུག།