རྒྱ་གར་ནང་ནད་ཡམས་འགོས་ཁྱབ་གྱི་གྲངས་འབོར་ཡང་བསྐྱར་ཟིན་ཐོ་ལས་བརྒལ་བ་དང་རྒྱལ་ཡོངས་ཁྱིམ་སྡོད་བཀའ་རྒྱ་བསྡམས་དགོས་བའི་འབོད་སྐུལ།

རྒྱ་གར་ནང་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱི་རླབས་རྒྱུན་གཉིས་པ་བྱུང་ནས། གཟའ་པ་སངས་ཕྱི་ཚེས་༧ཉིན་རྒྱ་གར་ནང་སླར་ཡང་འདས་པའི་ཆུ་ཚོད་༢༤་ནང་ཏོག་དབྱིབས་ནད་ཡམས་འགོས་བའི་ནད་པ་འབུམ་༤་བརྒལ་ནས། ནད་པའི་གྲངས་འབོར་ཡང་བསྐྱར་ཟིན་ཐོ་ལས་བརྒལ་ཡོད་པ་དང་། རྒྱ་གར་རྒྱལ་ཡོངས་སུ་ནད་ཡམས་སྔོན་འགོག་དང་འགོས་ཁྱབ་མི་ཡོང་ཆེད་ཁྱིམ་སྡོད་བཀའ་རྒྱ་བསྡམས་དགོས་པ་ཕྱོགས་གང་ས་ནས་སྲིད་བློན་མོ་དྷི་མཆོག་ལ་གནོད་ཤུགས་ཡོང་བཞིན་ཡོད་འདུག ནད་ཡམས་འགོས་ཁྱབ་ཀྱི་ད་ལྟའི་ཛ་དྲག་གནས་སྟངས་འོག་ནད་པ་སྔར་བྱུང་མ་མྱོང་བ་མང་པོ་བྱུང་ནས་འཕྲོད་བསྟེན་ལས་དོན་སྤེལ་ཕྱོགས་ཐད་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་པ་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར་ལའང་ཤུགས་རྐྱེན་ཐེབས་སྲིད་པའི་དཀའ་ངལ་འཕྲད་བཞིན་པའི་སྐབས། རྒྱ་གར་གྱི་སྲིད་བློན་མོ་དྷི་(Narendra Modi)ལགས་སུ་འདི་ཚེས་༧་གཟའ་པ་སངས་ཉིན། ཡུལ་དེའི་སྨན་པ་ཆེད་ལས་མཁས་བ་དང་། ཕྱོགས་འགལ་ཆབ་སྲིད་ཚོགས་པའི་འགོ་ཁྲིད་ཁག དེ་བཞིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་བཅས་ནས་ནད་ཡམས་ཁྱབ་གདལ་སྔོན་འགོག་དང་ཚོད་འཛིན་ཐུབ་ཐབས་སུ་རྒྱལ་ཡོངས་ལ་ཁྱིམ་སྡོད་བཀའ་རྒྱ་བསྡམས་དགོས་བའི་གནོན་ཤུགས་སྤྲོད་མཁན་དང་འབོད་སྐུལ་བྱེད་མཁན་མང་པོ་ཡོང་བཞིན་པ་རེད།
རྒྱ་གར་ནང་མངའ་སྡེ་༢༨་ཡོད་པའི་ཁོངས་ནས་མངའ་སྡེ་བཅུ་ཙམ་གྱིས་འདས་པའི་ཟླ་བ་གཅིག་གི་ནང་། དེ་ཙམ་གྱི་དམ་དྲག་མེད་པའི་ཁྱིམ་སྡོད་བཀའ་རྒྱ་བསྡམས་ཡོད་ཀྱང་། དེ་ནི་ལོ་སྔོན་མའི་སྤྱི་ཟླ་༣་པའི་ནང་རྒྱ་གར་རྒྱལ་ཡོངས་ནང་ཁྱིམ་སྡོད་བཀའ་རྒྱ་བཏང་བ་བཞིན་དམ་དྲག་ཆེན་པོ་བྱེད་ཀྱི་མེད་པ་རེད།
རྒྱ་གར་གྱི་གསར་ལས་ཁང་དག་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་སྐབས་རྒྱ་གར་ནང་གི་སྨན་ཁང་ཁག་ནང་ཉལ་ཁྲི་དང་སྲོག་འཛིན་རླུང་འདང་ངེས་མེད་པའི་གནས་སྟངས་འོག་ནད་པ་དག་སྨན་ཁང་གི་ཕྱི་རོལ་གྱི་སྒོ་འགྲམ་དུ་ཉལ་དགོས་བྱུང་ནས་སྨན་བཅོས་བསྟེན་གཏུགས་ལ་སྒུག་བཞིན་ཡོད་པ་དང་། དེ་བཞིན་གྲོང་གསེབ་ཁག་གི་ནང་གི་ཏོག་དབྱིབས་ནད་ཡམས་འགོས་ཟིན་པའི་ནད་པ་ཚོས་སྨན་ཁང་གི་སྒོ་འགྲམ་དུ་ཤིང་སྡོང་སོགས་ལ་སྨན་ཁབ་དཔྱང་ནས་སྨན་བཅོས་བྱེད་བཞིན་ཡོད་པ་རེད། དེ་བཞིན་ནད་པའི་ཤི་ཚད་ཇེ་མཐོར་འགྲོ་བཞིན་པའི་སྐབས་ཕུང་པོ་མེར་སྲེག་ས་དང་དུར་ས་བཅས་སུ་ཕུང་པོ་བཀང་ནས་ཕུང་པོ་མེ་སྲེག་དང་གཙང་བཟོ་བྱེད་ས་མེད་པའི་དཀའ་ངལ་ཡང་འཕྲད་བཞིན་པ་རེད་འདུག
འདི་ཚེས་༦་གཟའ་ཕུར་བུ་ཉིན། སྲིད་བློན་མོ་དྷི་མཆོག་གིས་ནད་ཡམས་ཀྱི་གོད་ཆགས་ཆེ་ཤོས་བྱུང་ཡུལ་མངའ་སྡེ་ཁག་གི་གཞུང་འབྲེལ་དཔོན་རིགས་ཚོ་དང་མཉམ། ནད་ཡམས་སྔོན་འགོག་དང་ནད་ཡམས་ལ་གདོང་ལེན་བྱེད་ཕྱོགས་སྐོར་བཀའ་མོལ་གནང་ཡོད་པ་དང་། ད་བར་དུ་ནད་ཡམས་ལ་འཐབ་རྒོལ་གདོང་ལེན་ཇི་བྱེད་མངའ་སྡེ་སོ་སོར་འགན་འཁྲི་བཅོལ་ཡོད་ཀྱང་མངའ་སྡེ་དེ་དག་ནང་ཛ་དྲག་སྐབས་མཐུན་རྐྱེན་ཞན་པའི་དབང་གིས་ནད་ཡམས་ལ་གདོང་ལེན་ཐད་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད།
དེ་བཞིན་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་ནང་དུ་ཡང་གློ་བུར་ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱི་གྲངས་ཚད་ཤུགས་ཆེན་འཕར་བཞིན་པ་རེད་འདུག
རྒྱ་གར་ནང་ནད་ཡམས་འགོས་ཁྱབ་བྱུང་བ་ནས་ཕྱི་ཟླ་༥་བའི་ཚེས་༧་ཉིན་གྱི་དགོང་མོ་བར། རྒྱ་གར་རྒྱལ་ཡོངས་ནང་ཏོག་དབྱིབས་རིམས་ནད་ཕོག་པའི་ནད་པའི་གྲངས་འབོར་ས་ཡ་ཉི་ཤུ་རྩ་གཅིག་དང་འབུམ་བཞི་ཁྲི་དགུ་བརྒལ་ནས་མི་གྲངས་འབུམ་གཉིས་དང་ཁྲི་གསུམ་བཞི་སྟོང་ལྷག་འདས་གྲོངས་སུ་ཕྱིན་ཡོད།
སྤྱི་ལོ་༢༠༡༩་ལོའི་ཕྱི་ཟླ་བཅུ་གཉིས་པའི་ནང་། ཀོ་ཝིཌ་༡༩་(Covid-19)ཏོག་དབྱིབས་ནད་ཡམས་དེ་ཐོག་མར་རྒྱ་ནག་གི་ཝུའུ་ཧན་གྲོང་ཁྱེར་ནས་མཆེད་པ་ནས་བཟུང་། འདི་ཚེས་༧་བར་འཛམ་གླིང་གི་རྒྱལ་ཁབ་དང་། ཡུལ་གྲུ་ཁག་༢༡༠་ལྷག་གི་ནང་ནད་ཡམས་དེ་ཁྱབ་གདལ་ཕྱིན་ནས། ད་བར་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་གསར་བའི་ནད་ཡམས་འགོས་ཡོད་པའི་ནད་པ་མི་གྲངས་ས་ཡ་བརྒྱ་དང་ལྔ་ཅུ་ལྔ་བདུན་བརྒལ་ཡོད་པའི་ཁྲོད། མི་གྲངས་ས་ཡ་གསུམ་དང་གཉིས་འབུམ་བདུན་ཁྲི་ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་རེད།