རྡ་རམ་སཱ་ལར་ནང་པའི་མཁས་པ་དང་ཚན་རིག་པའི་བར་རྣམ་ཤེས་སྐོར་ལ་བགྲོ་གླེང་ཚོགས་བཞིན་འདུག

སྤྱི་ཟླ་༥པའི་ཚེས་༡ཉིན་བཞུགས་སྒར་རམ་ས་ལར་འགོ་འཛུགས་གནང་བའི་སེམས་ཅན་དུད་འགྲོའི་རྣམ་ཤེས་དང་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ་(Animal Consciousness Conference)་ཡི་ཉིན་གཉིས་པར། བྱིའུ་དང་སྤྲེའུ། དེ་བཞིན་སྲོག་ཆགས་འབུ་སྲིན་ཚོར་རྣམ་ཤེས་ལྡན་ཡོད་མེད་ནང་པ་དང་ཚན་རིག་པ་གཉིས་བར་བགྲོ་གླེང་གནང་སྟེ། ཕྱོགས་གཉིས་ཀྱིས་སོ་སོར་རྣམ་ཤེས་སྐོར་འགྲེལ་བརྗོད་གནང་བའི་སྐབས། མི་མཐུན་པའི་ཆ་མང་དག་ཅིག་ཡོད་པ་གསལ་སྟོན་གནང་ཡོད་འདུག རྡ་སྟེང་བོད་ཁྱིམ་གྱི་ཤེས་ཡོན་འགན་འཛིན་རྒན་འབྲུག་ཚེ་རིང་ལགས་ཀྱིས། རྣམ་ཤེས་སྐོར་ནང་པས་འགྲེལ་བརྗོད་བྱེད་སྟངས་མང་པོ་ཞིག་ཡོད་ཀྱང་། ཚན་རིག་པས། ཀླད་པའི་བྱེད་ལས་ལ་བརྟེན་ནས་ཤེས་པ་གྲུབ་ཀྱི་ཡོད་པ་འགྲེལ་བཤད་རྒྱག་གི་ཡོད་པའི་རྐྱེན་གྱིས། དེ་གཉིས་བར་སྟོང་ཆ་ཆེན་པོ་ཞིག་ཡོད་པ་མྱོང་ཚོར་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།
སྤྱིར་ནང་པའི་ལྟ་ཚུལ་ལྟར་བྱས་ན། གཟུགས་དང་། སྒྲ། དྲི། རོ། རེག་བྱ་རྣམས་དབང་ཤེས་ལྔའི་ཡུལ་དུ་བྱར་རུང་བ་ཡིན་པ་དང་། ཡིད་ཀྱི་ཤེས་པ་ནི་ཤེས་པ་དྲུག་པ་དེ་ཡིན་ཞིང་། ཤེས་པ་གང་རུང་ཞིག་སྐྱེ་བ་ལ་རྐྱེན་གསུམ་ཚང་དགོས་པ་འགྲེལ་བརྗོད་བྱེད་ཀྱི་ཡོད།
དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་དཔལ་འབྱོར་རིག་པའི་མཐོ་རིམ་སློབ་གཉེར་ཁང་(London School of Economics)་གི་སློབ་དཔོན་སྐུ་ཞབས་(Jonathan Birch)་ལགས་ཀྱིས། ངས་ཚན་རིག་གི་ཐོག་ནས་སེམས་ཅན་དུད་འགྲོ་ཚོའི་ཚོར་བ་དང་རྣམ་ཤེས་ཐོག་དཔྱད་པ་བྱེད་ཀྱི་ཡོད། ང་ཚོའི་ངོས་ནས་སེམས་ཅན་གཞན་སྐྱོང་སྟངས་ཐད་འགྱུར་བ་གཏོང་ཐབས་སྐོར་ཉམས་ཞིབ་བྱེད་དགོས་གལ་ཆེ། འོན་ཀྱང་། སེམས་ཚོར་དང་ཤེས་པ་སོགས་ཀྱི་ཐད་གླེང་པའི་སྐབས། ནང་པ་དང་ཚན་རིག་བར་ཧེ་བག་ཆེན་པོ་ཡོད་པ་ཚོར་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།
རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་གི་སློབ་དཔོན་དགེ་བཤེས་བསྟན་འཛིན་ཟིལ་གནོན་ལགས་ཀྱིས། རྣམ་ཤེས་སྐོར་གྱི་བགྲོ་གླེང་དེ་ཚོགས་ནས་ཉིན་གཉིས་ལས་ཕྱིན་མེད་ཀྱང་། དེར་མཉམ་ཞུགས་བྱས་པའི་ནང་པའི་མཁས་པ་དང་། ཚན་རིག་པ་ཚོས་སེམས་ཟེར་བ་དེ་འགྲེལ་བཤད་རྒྱག་པའི་སྐབས་སྟོང་ཆ་ཆེན་པོ་ཞིག་ཡོད་པ་ཚང་མས་མྱོང་ཚོར་བྱུང་ཡོད་པས། མུ་མཐུད་བགྲོ་གླེང་གནང་ཏེ། ཁ་བསྐོང་ཐུབ་པའི་རེ་བ་ཞུ་ཡི་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་ཚན་རྩལ་འཕེལ་རྒྱས་དང་འབྲེལ་སློབ་གཉེར་ཁང་གི་ཚན་རིག་པ་སྐུ་ཞབས་(Anindya Sinha)་ལགས་ཀྱིས། རྣམ་ཤེས་(Consciousness)་ནི་སེམས་ཅན་གྱི་གནས་སྟངས་ལ་གཞིགས་པའི་འགྲེལ་བཤད་རྒྱག་དགོས་པ་ལས། དེ་ལ་ཡོངས་གྲགས་ཀྱི་འགྲེལ་པ་ཞིག་མེད་པ་གསལ་པོ་རེད། འགྲོ་བ་མི་དང་སེམས་ཅན་གཞན་བར་ཤེས་པའི་གནས་ཚད་ལ་ཁྱད་པར་ཡོད་པ་ལས། དེ་མིན་རྣམ་ཤེས་ཡོད་པ་གཅིག་མཚུངས་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད། ཀླད་པ་ཡོད་པའི་སྲོག་ལྡན་ཞིག་ཡོད་ན། དེར་རྣམ་ཤེས་ཡོད་པ་ཁྱབ་པ་ལྟ་བུ་ཡིན། འོན་ཀྱང་། ཀླད་པ་མེད་པའི་སྲོག་ལྡན་ཁག་ཅིག་ལ་རྣམ་ཤེས་ཡོད་སྲིད་པ་རེད། དཔེར་ན། (Amoeba)་ཟེར་བའི་སྐྱེ་ལྡན་ཕྲ་མོ་དེར་ཀླད་པ་མེད་ཀྱང་། དེར་གནོད་འཚེ་ཕོག་པའི་སྐབས་ཡ་ལན་སྤྲོད་ཀྱི་ཡོད་པས། དེར་ཤེས་པ་ཡོད་མེད་དྲི་བ་ཆེན་པོ་ཞིག་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་སྤྱི་ཟླ་༥པའི་ཚེས་༥བར་མུ་མཐུད་ནང་པའི་མཁས་པ་དང་ཚན་རིག་པའི་བར་སྦྲང་བུ་ཚུད་པའི་སྲོག་ཆག་འབུ་སྲིན་དང་སེམས་ཅན་དུད་འགྲོ་རྣམས་ཀྱི་ཁྱད་ཆོས་དང་སེམས་ཚོར། རྣམ་ཤེས་སོགས་ཀྱི་ཐོག་མུ་མཐུད་དུ་བགྲོ་གླེང་གནང་གི་ཡོད་པ་རེད།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།