འགྲོ་བ་མིའི་རྣམ་ཤེས་ཐད་ནང་པའི་ལྟ་ཚུལ་ལ་ཚན་རིག་པ་ཁག་ཅིག་གིས་བསྔགས་བརྗོད་གནང་འདུག

སྤྱི་ཟླ་༥པའི་ཚེས་༡ཉིན་བཞུགས་སྒར་རྡ་རམ་སཱ་ལར་འགོ་འཛུགས་གནང་བའི་སེམས་ཅན་དུད་འགྲོའི་རྣམ་ཤེས་དང་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ་(Animal Consciousness Conference)་ཡི་ཉིན་གསུམ་པར། སྲོག་ཆགས་འབུ་སྲིན་དང་སེམས་ཅན་དུད་འགྲོ་ཚོའི་རྣམ་ཤེས་ལ་ལྟ་ཚུལ་དང་རིམ་འགྲོས་འགྱུར་ལྡོག་སོགས་ཀྱི་ཐད་ནང་པ་དང་ཚན་རིག་གཉིས་བར་མུ་མཐུད་དུ་བགྲོ་གླེང་གནང་ཡོད་པ་དང་། དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་(Bristol)་བྷིར་སི་ཀྲོལ་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་དང་ལྟ་གྲུབ་སྨྲ་བ་སྐུ་ཞབས་(Watler Veit)་ལགས་སུ། རྣམ་ཤེས་སྐོར་ནུབ་ཕྱོགས་པའི་ཚན་རིག་པ་དང་ནང་པའི་བར་འགྲེལ་བརྗོད་གནང་སྟངས་མི་འདྲ་བ་འདུག་པས། ཁྱེད་ཉིད་ཀྱིས་རྣམ་ཤེས་ཟེར་བ་དེ་འགྲེལ་བརྗོད་ཇི་ལྟར་གནང་གི་ཡོད་དམ་ཞེས་བཅར་འདྲི་ཞུ་སྐབས། ཁོང་གིས། སྤྱིར་བཏང་རྣམ་ཤེས་སྐོར་རྩོམ་རིག་གི་ཐོག་ནས་འགྲེལ་བརྗོད་བྱེད་སྟངས་མི་འདྲ་བ་དུ་མ་ཞིག་ཡོད། ལོ་རྒྱུས་ཀྱི་ཐོག་ནས་ང་ཚོ་འགྲོ་བ་མི་རྣམས་ལ་ཐུན་མོང་མ་ཡིན་པའི་རྣམ་ཤེས་ཤིག་ཡོད་པ་ཡོངས་གྲགས་ཡིན། ཕྱིས་སུ་ཚན་རིག་ཡར་རྒྱས་ཕྱིན་ཏེ། སེམས་ཅན་དུད་འགྲོ་ཚུད་པའི་རྣམ་ཤེས་སྐོར་ཉམས་ཞིབ་ཀྱི་གྲུབ་དོན་ཇེ་མང་དུ་འགྲོ་མུས་ཡིན་ལ། རེག་པའི་ཚོར་བ་མྱོང་མཁན་གང་ཡང་རུང་བ་ཞིག་ལ་རྣམ་ཤེས་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པས་ལྟ་གྲུབ་སྨྲ་བ་སྐུ་ཞབས་ཁོང་ལ། ང་ཚོ་འགྲོ་བ་མི་རྣམས་སོ་སོའི་ཕ་མས་བྱམས་སྐྱོང་ལ་བརྟེན་ནས་ཚར་ལོངས་བྱུང་གི་ཡོད་པས། སེམས་ཅན་དུད་འགྲོ་གཞན་ཚོ་ཡང་འཚོ་གནས་ཐུབ་པར་བྱམས་སྐྱོང་དགོས་གལ་ཆེ་བ་གཟིགས་ཀྱི་ཡོད་དམ་ཞེས་བཅར་འདྲི་ཞུས་པར། ཁོང་གིས། འགྲོ་བ་མིའི་རྣམ་ཤེས་དང་སེམས་ཚོར་ཐོག་འགྲེལ་བརྗོད་བྱེད་པའི་སྐབས་ནང་ཆོས་ཀྱི་ལྟ་ཚུལ་དེ་མདུན་སྐྱོད་དུ་འགྲོ་མུས་ཡིན་པ་གསལ་པོ་རེད། འོན་ཀྱང་། སེམས་ཅན་དུད་འགྲོའི་ཚོར་བ་དང་རྣམ་ཤེས་སྐོར་ནང་ཆོས་ལས་ལྷག་པ་དེང་གི་ཚན་རིག་གིས་ཉམས་ཞིབ་གཏིང་ཟབ་པ་བྱེད་ཡོད་པ་ངས་བསམ་གྱིས་ཅེས་དང་། འོ་མ་ཅན་གྱི་སྲོག་ཆགས་མང་པོ་ཞིག་གི་བྱམས་བརྩེ་ཟེར་བ་ཚོར་ཀྱི་ཡོད་པ་མ་ཟད། ལྷག་པར་དུ་བྱིའུ་འགའ་ཤས་ཀྱི་སོ་སོ་ཤ་ནས་སྐྱེས་པའི་སྒོ་ང་དེ་དག་གཞན་གྱིས་འཕྲོག་བཅོམ་བྱེད་པའི་སྐབས། ཚོར་བ་ཡོད་པའི་སྒོ་ནས་དེར་ཡ་ལན་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
ཡང་(Israel)་རྒྱལ་ཁབ་ཏུ་རྟེན་གཞི་བྱས་པའི་(Tel Aviv)་གཙུག་ལག་སློབ་ཆེན་གྱི་ཚན་རིག་ལྟ་གྲུབ་གི་སློབ་དཔོན་ལྕམ་(Eva Jablonka)་ལགས་ཀྱིས། སེམས་ཅན་དུད་འགྲོ་ཚོའི་རྣམ་ཤེས་ཀྱི་རིམ་འགྲོས་འགྱུར་ལྡོག་དང་འབྲེལ་བའི་སྐོར་གཏམ་བཤད་གནང་བའི་རྗེས། འདི་གའི་གསར་འགོད་པས། སེམས་ཅན་གྱི་རྣམ་ཤེས་དེ་ཐོག་མ་ག་ནས་འགོ་འཛུགས་གནང་ཡོད་དམ་ཞེས་བཅར་འདྲི་ཞུས་པར། ཁོང་གིས། སེམས་ཅན་དུད་འགྲོ་ཚོའི་རྣམ་ཤེས་དེ་ལོ་ངོ་ས་ཡ་༥༤༠ལྷག་གི་འཕེལ་རིམ་དང་འབྲེལ་བ་ཡོད་པ་ངས་ཡིད་ཆེས་བྱེད་ཀྱི་ཡོད། འགྲོ་བ་མིའི་འཕེལ་རིམ་མ་བྱུང་གོང་ནས་སེམས་ཅན་གཞན་ལ་རྣམ་ཤེས་ཟེར་བ་དེ་ཡོད་པ་གསལ་པོ་རེད་ཅེས་དང་། ནང་ཆོས་ནང་། སེམས་ཅན་གཞན་ལ་གནོད་འཚེ་བྱེད་མི་རུང་བའི་སྤྱོད་ལམ་དེ་ནི་ཐུན་མོང་མ་ཡིན་པ་ཞིག་ཡིན་པ་མ་ཟད། དེས་སེམས་ཅན་གཞན་ལ་རྣམ་ཤེས་ (Consciousness)་ཡོད་པ་གསལ་པོ་མཚོན་ཐུབ། དེར་བརྟེན། དེའི་ཐོག་ནང་ཆོས་དང་ཚན་རིག་གཉིས་བར་གོ་བསྡུར་བྱེད་དགོས་པ་གནད་དོན་མང་པོ་ཞིག་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
སྤྱིར་བཏང་ནུབ་ཕྱོགས་ཀྱི་ཚན་རིག་གིས། དངོས་ཁམས་ཀྱི་འགྲོ་ལུགས་ཐད་དཔྱད་ཞིབ་གཏིང་ཟབ་པོ་བྱས་ཡོད་པ་མ་ཟད། ཀླད་པར་བརྡ་སྐྱེལ་བྱེད་པའི་སྣེ་ལེན་ཕྲ་ཕུང་དང་། དེ་བཞིན་ཤིན་ཏུ་རྙོག་པའི་ཀླད་པའི་བྱེད་ལས་དང་། མྱོང་ཚོར་གྱི་འབྲེལ་བ་སོགས་ཀྱི་ཐད་འགྲེལ་བརྗོད་ཞིབ་ཚགས་པོ་བྱས་ཡོད་ཀྱང་། ཤེས་པར་མཚོན་ན། ནུབ་ཕྱོགས་པའི་ཚན་རིག་གིས་ཞིབ་ཕྲ་མིག་གཏོད་བྱས་མེད་ལ། དེར་དཔྱད་པ་བྱེད་དགོས་པའི་དྲི་བ་མང་དག་ཅིག་ཡོད་པ་རེད།
སྤྱི་ཟླ་༥པའི་ཚེས་༥་བར་མུ་མཐུད་དུ་ནང་པའི་མཁས་པ་དང་ཚན་རིག་པའི་བར་སྦྲང་བུ་ཚུད་པའི་ཉ་དང་། སྲོག་ཆག་འབུ་སྲིན་དང་སེམས་ཅན་དུད་འགྲོ་རྣམས་ཀྱི་ཁྱད་ཆོས་དང་སེམས་ཚོར། རྣམ་ཤེས་སོགས་ཀྱི་ཐོག་བགྲོ་གླེང་གནང་རྒྱུ་ཡིན་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།