༸གོང་ས་མཆོག་དབུ་བཞུགས་ཐོག་སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་ཐེངས་༣༧པ་ཚོགས་བཞིན་འདུག

2022.10.12
༸གོང་ས་མཆོག་དབུ་བཞུགས་ཐོག་སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་ཐེངས་༣༧པ་ཚོགས་བཞིན་འདུག ༧གོང་ས་མཆོག་དབུ་བཞུགས་ཐོག་སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་ཐེངས་༣༧པ་ཚོགས་བཞིན་པ། ༡༠།༡༢།༢༠༢༢
OHHDL

སྤྱི་ནོར་༸གོང་ས་མཆོག་གིས་མིའི་ལུས་སེམས་གཉིས་ཀར་འཕྲོད་བསྟེན་བདེ་ཐང་གི་ཤེས་ཡོན་ལམ་སྲོལ་ཅིག་དགོས་པ་སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་ཐེངས་༣༧པའི་ཐོག་བཀའ་བསྩལ་སོང་།
བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་སྤྱི་ཟླ་༡༠པའི་ཚེས་༡༢ནས་༡༣ཉིན་གཉིས་ཀྱི་རིང་། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་རྗེས་འབྲེལ་ཏཱ་ལའི་བླ་མའི་དགེ་རྩ་དང་སེམས་དང་སྲོག་ལྟེ་གནས་ཁང་ཐུན་མོང་གིས་གོ་སྒྲིག་འོག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཚན་རིག་པ་དང་ནང་པའི་བར་གྱི་བགྲོ་གླེང་ཐེངས་༣༧པ་དེ་གནང་བཞིན་ཡོད་ཅིང་། ཐེངས་འདིའི་བགྲོ་གླེང་གི་བརྗོད་གཞི་ནི་རྟེན་འབྱུང་ལྟོས་གྲུབ་དང་ཡ་རབས་བཟང་སྤྱོད། སྤྱི་ཚོགས་འབྲེལ་ལམ་བཅས་ཡིན་པ་རེད། མིའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་རིག་པ་བ་དང་སེམས་ཁམས་རིག་པ་བ། མཚན་ཉིད་རིག་པ་བ་སོགས་ནས་ཆ་ཤས་བླངས་ཏེ་བགྲོ་གླེང་གི་ཉིན་དང་པོ་དབུ་འབྱེད་གནང་སྐབས། ༸གོང་ས་མཆོག་གིས་དེང་དུས་ཀྱི་ཤེས་ཡོན་ནང་མིའི་ལུས་སེམས་གཉིས་ཀར་འཕྲོད་བསྟེན་བདེ་ཐང་གི་ཤེས་ཡོན་ལམ་སྲོལ་ཅིག་དགོས་པ་དང་། འགྲོ་བ་མིའི་རང་བཞིན་ལྷན་སྐྱེས་ནི་སེམས་བཟང་པོ་དང་སྙིང་རྗེའི་རྩ་བ་ཅན་གྱི་གཤིས་ཀ་ཞིག་ཡིན་པ། ཕྲུག་གུ་ལོ་ཆུང་གི་སྐབས་ཆོས་ལུགས་དང་དབུལ་ཕྱུག་གི་དབྱེ་བ་མི་འབྱེད་པར། སྣང་བ་རྣམ་རྟོག་མེད་པའི་གཤིས་སྤྱོད་ལས་མཚོན་ཐུབ་པ་ཞིག་ཡིན་པས། ང་ཚོའི་མི་ཚེའི་ནང་གལ་གནད་ཆེ་ཤོས་བྱམས་བརྩེ་ཡིན་པར་ངོས་རང་གིས་ཡིད་ཆེས་གནང་གི་ཡོད་པ་བཀའ་གནང་ཡོད་པ་རེད། ད་དུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བྱམས་བརྩེ་དང་སེམས་ཀྱི་ཞི་བདེ་ཡོད་ན་ལུས་ཀྱི་བདེ་ཐང་ལའང་ཕན་ཐོགས་ཆེན་པོ་འབྱུང་གི་ཡོད་པར་བརྟེན། ངོས་ནས་ཤེས་ཡོན་གྱི་ལམ་སྲོལ་ནང་ང་ཚོས་ལུས་སེམས་གཉིས་ཀར་འཕྲོད་བསྟེན་བདེ་ཐང་གི་ཤེས་ཡོན་དེ་བཅུག་དགོས་པར་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད་ཅེས་དང་། བྱམས་བརྩེའི་བསམ་བློ་ཅི་ཙམ་ཡོད་པ་དེ་ཙམ་གྱིས་སེམས་ནང་ཞི་བདེ་དང་སྙིང་སྟོབས་འཕེལ་གྱི་ཡོད་སྟབས། མི་ཚེའི་བདེ་སྐྱིད་ལ་ཕན་ཐོགས་རྒྱ་ཆེར་འབྱུང་བ་བཀའ་གནང་སོང་།
འགྲོ་བ་མིའི་འཕེལ་འགྱུར་རིག་པ་ལ་ཉམས་ཞིབ་གནང་མཁན་ཚན་རིག་པ་(Joseph Henrich)་ལགས་ནས། ཚན་རིག་གི་བརྟག་དཔྱད་རྙེད་དོན་ལམ་ནས་འགྲོ་བ་མིའི་རིག་གཞུང་གོམས་གཤིས་ལ་བརྟེན་ཏེ། མིའི་བསམ་སྤྱོད་དང་གཤིས་ཀ་ཙམ་མ་ཟད། ལུས་ལའང་འགྱུར་བ་འགྲོ་བཞིན་པ་གསལ་སྟོན་སྐབས། འགྲོ་བ་མི་རྣམས་ནི་དུད་འགྲོ་དང་མི་འདྲ་བར་མི་རབས་ནས་མི་རབས་བར་གསར་དུ་རྙེད་པ་དང་། ཉམས་མྱོང་བསགས་པ། གོམས་གཤིས་དང་རིག་གཞུང་སོགས་ཕན་ཚུན་བརྒྱུད་སྤྲོད་ཡོང་གི་ཡོད་པས། འགྲོ་བ་མིའི་རིག་གཞུང་དེ་ཧ་ཅང་ཕྱུག་པོ་ཆགས་ཡོད་པ་གསུངས་ཤིང་། ད་དུང་ཁོང་གིས། ཁོང་གི་ཞིབ་འཇུག་ཚོད་ལྟ་ཁང་དུ་འགྲོ་བ་མིའི་ལྷན་སྐྱེས་ཀྱི་རང་བཞིན་ཤེས་ཐབས་སུ་བརྟག་དཔྱད་སྐབས། རིག་གནས་གོམས་གཤིས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་འགྲོ་བ་མི་ཚོའི་རིགས་རྒྱུན་ལ་འཕེལ་འགྱུར་དང་མིའི་རང་བཞིན་ལ་འགྱུར་བ་ཐེབས་བཞིན་པའི་གྲུབ་དོན་རྙེད་ཀྱི་ཡོད་པ་དང་། ། གནས་ཚུལ་དེ་གྲས་མི་མ་ཡིན་པའི་སེམས་ཅན་རིགས་གཞན་གྱི་ནང་མཐོང་ཆོས་སུ་རྙེད་ཁག་པོར་མཐོང་གི་ཡོད་པ་འགྲེལ་བརྗོད་གནང་འདུག ཚན་རིག་པ་(Joseph Henrich)ཀྱིས། རིགས་རྫས་མིན་པའི་གནས་ཚུལ་བརྒྱུད་སྤྲོད་ཀྱི་རིམ་པས་མེ་གཏོང་བ་དང་ཟས་གཡོ་བསྐོལ། བསམ་བློ་གཏོང་ཕྱོགས་མི་འདྲ་བ་བཅས་གྲུབ་ཡོད་ལ། སྨན་གྱི་ལག་ལེན་ལ་བརྟེན་ནས་ང་ཚོའི་ལུས་སེམས་གཉིས་ཀར་ཡང་འཕོ་འགྱུར་གཏོང་བ་སོགས་ཡོང་གི་ཡོད་སྟབས། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་བསྐྲུན་པར་མིའི་ལྷན་སྐྱེས་ཀྱི་གཤིས་ཀ་དེ་ཤེས་རྒྱུ་གལ་ཆེན་རེད་ཅེས་འགྲེལ་བརྗོད་གནང་སོང་།

Mind & Life Conversation 2022-10-12-Dharamsala.jpg

ཡང་སེམས་ཁམས་ཚན་རིག་པ་(Molly Crockett)་ལགས་ནས། འགྲོ་བ་མི་རྣམས་ནི་རང་དོན་ཁོག་བཅུག་མཁན་ཞིག་ཡིན་པར་ངོས་འཛིན་བྱེད་མཁན་ཧ་ཅང་མང་པོ་དང་། རྒྱལ་ཁབ་ཁག་གི་སྲིད་ཇུས་བཟོ་འགོད་ལའང་དེས་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་མོད། སེམས་ཁམས་ཚན་རིག་པ་ཚོས་རྙེད་དོན་ནི་དེ་དང་མི་འདྲ་བ་ཆགས་ཡོད་པ་གསུངས་ཤིང་། ཁོང་གིས། ང་ཚོས་ཞིབ་འཇུག་ལས་ཤེས་པ་ནི་གཞན་ལ་རོགས་ཕན་སྒྲུབ་པས་ང་ཚོའི་སེམས་ལ་བདེ་སྐྱིད་ཡོང་གི་ཡོད་པ་དང་། སྦྱིན་གཏོང་གིས་ང་ཚོའི་ཀླད་པའི་ཆ་ཤས་ཏེ་ཟ་མ་ཞིམ་པོ་ཟོས་པ་དང་། ཡུལ་ལྗོངས་སྐྱིད་པོ་ལ་རོལ་བའི་བྲོ་བ་མྱོང་མཁན་དེ་འགུལ་བསྐྱོད་ཤུགས་ཆེ་གཏོང་ཐུབ་ཀྱི་ཡོད་པས། མི་ཟེར་བ་ནི་རང་དོན་ཁོག་བཅུག་དང་ཕྲག་དོག་འགྲན་སེམས་ཅན་ཡིན་པར་བཤད་པ་ནི། ནོར་འཁྲུལ་ཅན་གྱི་ངོས་འཛིན་གནང་སྟངས་ཤིག་ཡིན་པ་གསལ་སྟོན་གནང་ཡོད་པ་རེད།
སེམས་དང་སྲོག་གི་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ནས། ༸གོང་ས་མཆོག་གིས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གལ་ཆེན་ཡིན་པར་གསུང་གི་ཡོད་པ་དེ། ཁོང་ཚོས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཡོང་བའི་ཆ་རྐྱེན་གྱི་ཐོག་ཞིབ་འཇུག་བྱས་ཏེ་གསལ་སྟོན་གནང་བ་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་ཨ་མི་རི་ཀའི་ཀླད་རྩའི་ཚན་རིག་པ་གྲགས་ཅན་(Richard J.Davidson)་ལགས་ནས། འགྲོ་བ་མིའི་འབྱུང་འགྱུར་མདུན་ལམ་ལ་དེ་སྔ་བྱུང་མ་མྱོང་བའི་གཉན་འཕྲང་གི་དུས་འདིར། འགྲོ་བ་མི་གཅིག་སྒྲིལ་གྱི་ལམ་ནས་འཚོ་གནས་ཐུབ་པར་༸གོང་ས་མཆོག་གི་ལམ་སྟོན་དེ་ཧ་ཅང་གལ་ཆེན་རེད། ཡོངས་འདུས་མཉམ་རུབ་ཀྱི་ཚན་རིག་གི་ཞིབ་འཇུག་དང་དཔྱད་པ་གཏིང་ཟབ་ཀྱི་ལམ་ནས་རྙེད་པའི་གྲུབ་དོན་ནི། དེང་སང་ང་ཚོར་འཕྲད་བཞིན་པའི་དཀའ་ངལ་ཆེ་ཤོས་གྲས་སེལ་བའི་ཐབས་ལམ་ལྟེ་བ་དེ་ཆགས་ཡོད་ཅེས་འགྲེལ་བརྗོད་གནང་སོང་།
ཡང་སེམས་དང་སྲོག་གི་ལྷན་ཚོགས་ཀྱི་ཚོགས་གཙོ་(Susan Bauer Wu)་ལགས་ནས་ཀྱང་། སེམས་དང་སྲོག་གི་ལྷན་ཚོགས་བཙུགས་ནས་ད་ལོ་ལོ་ངོ་ཧྲིལ་བོ་༣༥འཁོར་གྱི་ཡོད་པ་དང་། ༸གོང་ས་མཆོག་ང་ཚོ་ལོ་གསུམ་རིང་མཇལ་མེད་པས་ལྷན་ཚོགས་འདི་ཧ་ཅང་དམིགས་བསལ་ཅིག་ཡིན་པ་མ་ཟད། ད་རེས་བདམས་པའི་བརྗོད་བྱ་འདི་གསུམ་ནི་འགྲོ་བ་མིའི་དཀའ་ངལ་ཆེ་ཤོས་སེལ་ཐབས་ཀྱི་སྙིང་པོ་ལ་བརྩི་བཞིན་ཡོད། ང་ཚོའི་ངོས་ནས་རྟེན་འབྱུང་ལྟོས་གྲུབ་དང་ཡ་རབས་བཟང་སྤྱོད། སྤྱི་ཚོགས་འབྲེལ་ལམ་བཅས་ཀྱི་བརྗོད་གཞི་གསུམ་ནི། འགྲོ་བ་མིའི་རིགས་ཀྱི་དཀའ་ངལ་ཆེ་ཤོས་སེལ་ཐབས་ཀྱི་སྙིང་པོ་ལ་ངོས་འཛིན་བྱེད་ཀྱི་ཡོད། དཀའ་ངལ་ཆེ་ཤོས་ཟེར་ན་གནམ་གཤིས་འགྱུར་ལྡོག་དང་འཕྲུལ་ཆས་སོགས་བཅོས་མའི་ཤེས་པ་ལ་ལྟོས་ཚབས་ཆེ་བ། དམངས་གཙོའི་སྤྱི་ཚོགས་ཚུན་གྱི་ནང་ཤོག་ཁག་འཐེན་འཁྱེར་ཤུགས་ཆེར་ཡོད་པ་སོགས་རེད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།
ཚན་རིག་པ་དང་ནང་པའི་བར་བགྲོ་གླེང་དང་ལེགས་ཆ་ལེན་རེས་ཀྱི་སེམས་དང་སྲོག་གི་ལྷན་ཚོགས་ནི། སྤྱི་ལོ་༡༩༨༧ལོ་ནས་༸གོང་ས་མཆོག་དང་ཨ་མི་རི་ཀའི་ཚོང་བ་(R. Adam Engle)་ལགས། ཆི་ལི་རྒྱལ་ཁབ་ཀྱི་ཚན་རིག་པ་(Francisco Javier Varela García)་ལགས་བཅས་ནས་མཉམ་རུབ་གནང་སྟེ་བཙུགས་པ་དང་། ད་ལན་གྱི་བགྲོ་གླེང་འདི་ལ་ནང་ཆོས་མཁས་པ་དང་ཉམས་ལེན་པ། བླ་སྤྲུལ་ཆེ་གྲས་མང་པོ་མཉམ་ཞུགས་གནང་ཡོད་པ་མ་ཟད། ཨ་མི་རི་ཀའི་སྤྱི་ཚོགས་ཚན་རིག་པ་དང་ཛེན་སྒོམ་སྒྲུབ་པ་(Roshi Joan Halifax)་ལགས་དང་། ཨ་མི་རི་ཀའི་ཧར་ཝར་ཊི་གཙུག་ལག་སློབ་ཆེན་གྱི་འགྲོ་བ་མིའི་འཕེལ་འགྱུར་རིག་པར་ཉམས་ཞིབ་པ་(Joseph Henrich)་ལགས། ཡང་ཨ་མི་རི་ཀའི་(Princeton)་གཙུག་ལག་སློབ་ཆེན་གྱི་སེམས་ཁམས་ཚན་རིག་པ་(Molly Crockett)་ལགས་དང་། སྤྱི་ལོ་༢༠༠༦ལོར་འཛམ་གླིང་གི་ཤུགས་རྐྱེན་ཆེ་ཤོས་མི་སྣ་བརྒྱ་ཐམ་པའི་ནང་བདམས་པ། ཨ་མི་རི་ཀའི་མྱོང་ཚོར་དང་ཀླད་རྩའི་ཚན་རིག་པ་གྲགས་ཅན་(Richard J. Davidson)་ལགས་སོགས་ཆེད་ཕེབས་བགྲོ་གླེང་གནང་གི་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎