མེ་སྐྱོན་བྱུང་བར་བཀའ་སྤྱི་གཉིས་ནས་ཐུགས་གསོ་གནང་འདུག
2013.11.20
ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་གི་ཚོགས་ཆེན་འདུ་ཁང་ལ་མེ་སྐྱོན་བྱུང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐུགས་གསོ་ཞུས་གནང་འདུག
དེ་ཡང་ཟླ་བ་འདིའི་ཚེས་ ༡༦ ཉིན་བོད་ནང་གི་དགོང་མོའི་ཆུ་ཚོད་ ༩།༣༠ ཙམ་ལ་གློ་བུར་དུ་ ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་གི་ཚོགས་ཆེན་འདུ་ཁང་ལ་མེ་སྐྱོན་བྱུང་ནས། རྟེན་དང་བརྟེན་པ་བཅས་ལ་གནོད་སྐྱོན་ཚབས་ཆེ་ཕོག་པ་རེད། གནས་ཚུལ་དེའི་ཐོག་ཚེས༢༠ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐུགས་གསོའི་སྤྱི་བསྒྲགས་ཤིག་སྤེལ་གནང་འདུག་པ་དང་། སྤྱི་བསྒྲགས་དེའི་ནང་ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་གི་འདུ་ཁང་ལ་མེ་སྐྱོན་གྱི་གནོད་སྐྱོན་ཚབས་ཆེ་ཕོག་ཡོད་པ་དེ་བོད་མི་སྤྱི་དང་། ལྷག་དོན་དགོན་གནས་དེ་དང་འབྲེལ་ཆགས་ ལི་ཐང་བའི་ལྷ་སྡེ་མི་སྡེ་ཡོངས་ལ་བཟོད་དུ་མེད་པའི་སེམས་ཀྱི་ངལ་བ་བྱུང་ཡོད་པ་དང་། དགོན་གནས་རྩ་ཆེན་དེ་ལྟ་བུར་གློ་བུར་གོད་ཆག་བྱུང་ཡོད་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བློ་འཚབ་ཆེན་པོའི་ངང་། དགོན་གནས་དེ་དང་འབྲེལ་ཆགས་ལི་ཐང་བའི་སེར་སྐྱ་མི་མང་ཡོངས་ལ་སྙིང་ནས་ཐུགས་གསོ་ཞུ་རྒྱུ་མ་ཟད། སྔར་བཞིན་བཤད་སྒྲུབ་ཀྱི་བསྟི་གནས་སླར་གསོ་འཕྲལ་མྱུར་ཡོང་བའི་རེ་སྨོན་ཞུ་རྒྱུ་ཡིན་ཞེས་འཁོད་འདུག
ཡང་བཀའ་ཤག་གི་ཐུགས་གསོའི་འཚམས་འཕྲིན་ནང། དབུས་བོད་མིའི་སྒྲིག་འཛུགས་བཀག་ཤག་ནས་ལི་ཐང་དགོན་ཆེན་གྱི་མཁན་བླ་འདུས་མང་དང། དེ་བཞིན་ལི་ཐང་དགོན་ཆེན་དང་འབྲེལ་བ་ཡོད་པའི་བོད་གཞིས་བྱེས་གཉིས་སུ་བཞུགས་པའི་ལྷ་སྡེ་དང་མི་སྡེ་ཡོངས་ལ་སེམས་ཚོར་ཆེན་པོའི་ཐོག་ནས་ཐུགས་གསོ་ཞུ་རྒྱུ་དང། ད་རེས་མེ་སྐྱོན་གྱི་གནོད་འཚེ་དེ་ཡིས་དགོན་པའི་རྟེན་དང་བརྟེན་པར་གནོད་སྐྱོན་དང་གོད་ཆགས་བྱུང་བ་རྣམས་མྱུར་དུ་སླར་གསོ་ཐུབ་པའི་རེ་སྨོན་ཞུ་རྒྱུའི་ཁར། ལྷག་དོན་ལི་ཐང་དགོན་ཆེན་གྱིས་ངོ་ལོ་བཞི་བརྒྱ་ལྷག་རིང་སྒྲུབ་ཅིང་སྤེལ་བའི་བཤད་སྒྲུབ་ལས་གསུམ་གྱི་བསྟན་འགྲོའི་བྱ་བ་རླབས་ཆེན་རྣམས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཡོང་བའི་སྨོན་ཚིག་ཤུགས་དྲག་ཞུ་རྒྱུ་ཡིན་ཞེས་བྲིས་གནང་ཡོད་པ་རེད།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ་དང་ཉི་མ་གཡུ་སྒྲོན།།