རྒྱལ་སྤྱིའི་བོད་ཀྱི་རིས་མེད་ཆོས་བརྒྱུད་ཚོགས་འདུ་ཐེངས་དྲུག་པ།
2016.06.09
རྒྱལ་སྤྱིའི་བོད་ཀྱི་རིས་མེད་ཆོས་བརྒྱུད་ཚོགས་འདུ་ཐེངས་དྲུག་པ་དེ་ཨ་མི་རི་ཀའི་རྒྱལ་སའི་ཉེ་འགྲམ་ཝི་ཇི་ནི་ཡའི་མངའ་སྡེའི་ནང་ཡོད་པའི། འབྲི་གུང་ཆོས་ཀྱི་ཉི་མའི་ཆོས་ཚོགས་སུ་འདི་ཚེས་༨བར་གྱི་ཉིན་གྲངས་གཉིས་རིང་ཚོགས་ཡོད་པ་དང་། སྐབས་དེར་ས་དགེ་བཀའ་རྙིང་། གཡུང་དྲུང་བོན། ཇོ་སྣང་དང་བཅས་བའི་དགེ་བཤེས་མཁན་པོ་མི་ཉུང་བ་ཕེབས་ནས་འདས་བའི་ལས་དོན་ཁག་བསྐྱར་ཞིབ་དང་འབྲེལ། མ་འོངས་བར་ཚོགས་པ་སྲ་བརྟན་། ལས་དོན་ཡར་རྒྱས། ད་དུང་ལོ་རྗེས་མའི་ཚོགས་འདུ་ཐེངས་༧་པ་ཨ་རིའི་བྷོ་སུ་ཊོན་ལ་ཚོགས་རྒྱུ་སོགས་ཀྱི་གྲོས་ཆོད་ཁག་གཅིག་བཞག་ཡོད་པ་ད་ལྟའི་ཚོགས་གཞོན་མཁན་པོ་བསམ་གྲུབ་ལགས་ཀྱིས་གསུངས་ཡོད།
ད་བར་ལོ་ངོ་དྲུག་རིང་རྒྱལ་སྤྱིའི་བོད་ཀྱི་རིས་མེད་ཆོས་བརྒྱུད་ཚོགས་པ་ཞེས་བས་ལོ་ལྟར་རིས་མེད་ཆོས་བརྒྱུད་ཚོགས་འདུ་ཚོགས་བཞིན་པས་ཆོས་བརྒྱུད་སྤྱི་ཡོངས་དང་། དེ་བཞིན་གཡུང་དྲུང་བོན་དང་ཇོ་ནང་བ་བཅས་བར་ཕན་ཐོགས་ཆེན་པོ་ཡོང་བཞིན་པ་ཡང་བོན་གྱི་དགེ་བཤེས་བསྟན་འཛིན་ཡང་སྟོན་དང་། ཇོ་ནང་མཁན་པོ་རིག་པའི་རྡོ་རྗེ་རྣམ་པ་གཉིས་ཀྱིས་གསུངས་བྱུང་།
དེ་སྔ་ཚོགས་པ་གསར་འཛུགས་གནང་མཁན་གྲས་བསོད་རྒན་རིན་པོ་ཆེ་ཡིས་གསུངས་ན། རྒྱལ་སྤྱིའི་བོད་ཀྱི་རིས་མེད་ཆོས་བརྒྱུད་ཚོགས་པ་ཞེས་བ་ནི་ཨ་མི་རི་ཀར་ཡོད་པའི་བོད་ཀྱི་བླ་སྦྲུལ་མཁན་པོ་ཁག་གཅིག་གིས་ཐོག་མར་དབུ་བཙུགས་པ་དང་། ད་ཆ་ཨ་མི་རི་ཀ་གཞུང་ལ་ཁྲིམས་མཐུན་དེབ་བསྐྱེལ་བྱུང་ནས་། དམིགས་ཡུལ་གཙོ་བོ་། བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཁག་གི་ནུས་བ་གཅིག་སྤུངས་དང་། མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གྱི་སྒོ་ནས་མཉམ་གནས་ཐུབ་པ་ཡོང་རྒྱུ་སོགས་ཀྱི་ཆེད་ཡིན་པ་གསུངས་བྱུང་།
༢༠༡༤ལོའི་ཚོགས་འདུར་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་གསུངས་འཕྲིན་བསྩལ་བའི་ནང་། རང་རེ་བོད་ཀྱི་ཆོས་བརྒྱུད་བཞི་དང་ཇོ་སྣང་དང་བཅས་བ་ནི་སྟོན་པ་གཅིག་པའི་བསྟན་པ་ཁོ་ན་ལས་མ་འདས་བ་དང་། བོན་ཀྱི་ཆོས་ཀྱང་རང་རེ་བོད་ཀྱི་གདོད་མའི་མེས་པོའི་ཆོས་ཤིག་ཡིན་པར་མ་ཟད། ད་ལྟ་ཕལ་ཆེར་ཆོས་བོན་ཐ་མི་དད་པ་ལྟ་བུར་གྱུར་ཟིན་སྟབས་ཕན་ཚུན་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པ་ཞིག་དགོས་པ་ནི་ད་ལྟའི་ཡུལ་དུས་ཀྱིས་ཀྱང་ང་ཚོ་རང་གི་དགོས་མཁོར་གཏུགས་ཡོད་པ་གསལ་སྟོན་བྱས་ཡོད་ཅེས་དང་། ཡང་དེང་དུས་ཕྱི་ནང་གི་ཡུལ་གྲུ་གང་སར་བླ་གྲར་རྫུས་བ་དང་། ཆོས་ཟོང་དུ་འགྲེམས་པ། རབ་ཏུ་བྱུང་བས་རྒྱས་སྤྲོས་ལ་དང་དོད་བྱེད་བ་བཅས་ནི་བསྟན་པ་ཉམས་པའི་རྒྱུ་ཡིན་པས་ཡིད་གཟབ་དགོས་བ་གསུངས་ཡོད།
གསར་འགོད་པ་ཀླུ་འབུམ།