ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་ལགས་བཀའ་དྲུང་ཡིག་ཚང་གི་ཆབ་སྲིད་དྲུང་ཆེར་བསྐོ་བཞག་གནང་འདུག

2021.06.28
ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་ལགས་བཀའ་དྲུང་ཡིག་ཚང་གི་ཆབ་སྲིད་དྲུང་ཆེར་བསྐོ་བཞག་གནང་འདུག ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་ལགས།
RFA

ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་ལགས་ཆབ་སྲིད་དྲུང་ཆེར་བསྐོ་བཞག་གནང་བ་སོགས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཆེས་ཐོག་མའི་ལས་བྱེད་གནས་སྤོས་གོ་སྒྲིག་གནང་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། སྤྱི་ཟླ་ལྔ་བའི་ཚེས་༢༧་ཉིན་ལས་ཁུར་དམ་འབུལ་བཞེས་པའི་རྗེས། ཆེས་ཐོག་མའི་ལས་བྱེད་གནས་སྤོས་དང་གོ་སྒྲིག་གི་གསལ་བསྒྲགས་དེ། སྤྱི་ཟླ་༦་པའི་ཚེས་༢༨་ཉིན་བཀའ་དྲུང་ཡིག་ཚང་ནས་གནང་བའི་ནང་། ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་ལགས་ད་ལྟ་ལས་གནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དྲུང་ཆེ་ཡིན་པ། བཀའ་དྲུང་ཡིག་ཚང་གི་ཆབ་སྲིད་དྲུང་ཆེ་ལ་བསྐོས་ཡོད་པ་དང་། ཆབ་སྲིད་དྲུང་ཆེ་ནི་དེ་སྔ་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་གྱི་སྐབས་སུ་བསྐོས་མྱོང་ཡོད་ནའང་བར་ལམ་འདས་པའི་ལོ་ངོ་༢༠་རིང་ཆབ་སྲིད་དྲུང་ཆེ་བསྐོས་མེད་པ། ད་ལམ་བསྐྱར་གསོ་གནང་ནས་སྤྱི་ཟླ་༧་པའི་ཚེས་༡་ནས་ལས་འཁུར་འགོ་འཛུགས་གནང་རྒྱུ་ཡིན་འདུག
དེ་བཞིན་ཡེ་ཤེས་དབང་མོ་ལགས་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེ་ཡིན་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དྲུང་ཆེ་ལ་གནས་སྤོས་དང་། གྱང་གསར་ཚེ་རིང་དོན་གྲུབ་ལགས་དབུས་སྣེ་ལེན་ཁང་གི་འགན་འཛིན་ཡིན་པ། བདེ་སྲུང་ལས་ཁུངས་ཀྱི་དྲུང་འཕར་ལ་གནས་སྤོས་གནང་ཡོད་པ། བསྟན་འཛིན་ལེགས་སྒྲུབ་ལགས་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་འཕར་ནས་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཚབ་ལ་གནས་སྤོས་དང་། བསྟན་འཛིན་ལེགས་བཤད་ལགས་ཕྱི་དྲིལ་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲུང་འཕར་ཡིན་པ། ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་འཕར་དུ་གནས་སྤོས་གནང་ཡོད་པ། ཀུན་དགའ་རྒྱལ་མཚན་ལགས་བཀའ་དྲུང་ཡིག་ཚང་གི་དྲུང་འཕར་ཡིན་པ། ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་ལ་གནས་སྤོས་དང་། བསྟན་འཛིན་ནོར་བུ་ལགས་ནི་ཤེས་རིག་ལས་ཁུངས་ཀྱི་ཟུང་དྲུང་ཡིན་པ། དབུས་འོས་བསྡུ་ལས་ཁང་གི་ཟུང་དྲུང་དུ་གནས་སྤོས་ཀྱིས། ཁོང་ཚོ་ཚང་མས་སྤྱི་ཟླ་༧་པའི་ཚེས་༡་ཉིན་ནས་ལས་འཁུར་འགོ་འཛུགས་གནང་རྒྱུ་ཡིན་པ་དང་། མི་འགྱུར་གཡུ་སྒྲོན་ལགས་ནི་དབུས་འོས་བསྡུ་ལས་ཁང་གི་ཟུང་དྲུང་ཡིན་པ། སིམ་ལ་སྤྱི་ཁྱབ་ས་གནས་འགོ་འཛིན་དུ་བསྐོས་པ་སྤྱི་ཟླ་༧་པའི་ཚེས་༡༥་ཉིན་ནས་ལས་ཁུར་བཞེས་ཀྱི་ཡོད་པ་དང་། བདེ་སྐྱིད་སྒྲོལ་དཀར་ལགས་ཕྱི་དྲིལ་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཟུང་དྲུང་ཡིན་པ། ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་ལ་གནས་སྤོས་དང་། པདྨ་བཟང་པོ་ལགས་ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་གནས་རིམ་ཡིན་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཟུང་དྲུང་ལ་གནས་སྤོས་གནང་ཡོད་པ། རྣམ་རྒྱལ་དགེ་འདུན་ལགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་གནས་རིམ་ཡིན་པ། དཔལ་འབྱོར་ལས་ཁུངས་ཀྱི་དྲུང་གཞོན་དུ་གནས་སྤོས་གནང་བ་དང་། བསྟན་འཛིན་གསལ་སྒྲོན་ལགས་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ལས་ནས་བཀའ་དྲུང་ཡིག་ཚང་གི་དྲུང་ལས་སུ་གནས་སྤོས་གནང་ཡོད་པ། བསྟན་འཛིན་ཕུན་ཚོགས་ལགས་བཀའ་དྲུང་ཡིག་ཚང་གི་དྲུང་ལས་ནས་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ལས་སུ་གནས་སྤོས་ཀྱིས། ཁོང་ཚོས་ཀྱང་སྤྱི་ཟླ་༧་པའི་ཚེས་༡་ཉིན་ནས་ལས་འཁུར་འགོ་འཛུགས་གནང་རྒྱུ་གསལ་བསྒྲགས་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎