རྒྱ་གར་གྱི་རྒྱལ་སར་ཚུགས་རྒྱུའི་རྩེད་འགྲན་ཞིག་སྐོར།
2009.10.08
༄༅༎རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཁོ་ལེམ་ལྦེལ་ཐི་འམ་དེ་སྔ་དབྱིན་ཇིའི་མི་སེར་སྤེལ་ཡུལ་འོག་ཏུ་གནས་པའི་རྒྱལ་ཁབ་ཁག་གི་རྩེད་འགྲན་ཚུགས་རྒྱུར་གོ་སྒྲིག་ཚགས་ཚུད་ཀྱི་ཐད་ལ་མང་པོས་བློ་དོགས་བྱེད་བཞིན་ཡོད་པར་སོང་རྩེད་འགྲན་ནང་མཉམ་ཞུགས་གནང་མཁན་རྒྱལ་ཁབ་ཁག་གི་སྐུ་ཚབ་རྣམ་པ་རྒྱལ་ས་ལྡི་ལིར་རྟོགས་ཞིབ་ཆེད་ཕེབས་འབྱོར་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག
སྔ་ལོ་ཁོ་མེན་ལྦེལ་ཐི་རྩེད་འགྲན་ཚོགས་ཆུང་གི་ཚོགས་གཙོ་མཆོག་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རྩེད་འགྲན་གོ་སྒྲིག་གི་མཐུན་རྐྱེན་དང་འཆར་འགོད་འཐུས་ཚང་མེད་པ་དང་གལ་སྲིད་ལོ་གཅིག་གི་ནང་ཚུད་རྩེད་ཐང་གསར་རྒྱག་ལ་སོགས་པའི་རྩེད་འགྲན་གོ་སྒྲིག་གི་ལས་གཞི་དུས་ཐོག་ཏུ་མ་འགྲུབ་ཚེ་རྩེད་འགྲན་ཚུགས་རྒྱུར་འགོག་རྐྱེན་འཕྲད་རྒྱུ་ཡིན་པའི་སྐོར་ཉེན་བརྡ་བཏང་ཡོད་པ་རེད། ཉེན་བརྡ་དེའི་རྗེས་ད་རེས་ལོ་གཅིག་འཁོར་མའི་སྐབས་རྩེད་འགྲན་ནང་མཉམ་ཞུགས་གནང་མཁན་རྒྱལ་ཁབ་ཁག་གི་ཞིབ་འཇུག་སྐུ་ཚབ་རྣམ་པ་ཁ་ས་རྒྱལ་ས་ལྡི་ལིར་འབྱོར་འདུག་པ་དང་ཞིབ་འཇུག་ཚོགས་ཆུང་གི་ཚོགས་མི་ལྦར་ཇིན་མཚོ་གླིང་རྒྱལ་ཁབ་ཀྱི་སྐུ་ཚབ་ངོས་ནས་ད་རེས་ཀྱི་ཞིབ་འཇུག་གཟིགས་སྐོར་འདིའི་ཐོག་རྒྱ་གར་ཕྱོགས་ནས་རྩེད་འགྲན་གོ་སྒྲིག་དང་འབྲེལ་བའི་མཐུན་རྐྱེན་དང་ལས་གཞི་ཡོངས་རྫོགས་འཐུས་ཚང་ལེགས་གྲུབ་ཟིན་པར་གཟིགས་འདོད་ཡོད་ཅེས་ཞིབ་འཇུག་འགོ་འཛུགས་མ་གནང་གོང་གསར་འགོད་པ་ཚོར་གསལ་འདོན་གནང་བཞག།